།འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་མཐའ་དང་དབྱེར་མེད་པ་དབུ་མའི་ལམ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་མཐའ་དང་དབྱེར་མེད་པ་དབུ་མའི་ལམ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མཐའ་དང་དབྱེར་མེད་པ་དབུ་མའི་ལམ་ནི་མཐའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། མཐའི་རང་བཞིན་ལས་དབུ་མའི་ལམ་གཞན་མ་ཡིན་པའི་ཕྱིར་ཏེ། མཐའི་རང་བཞིན་ལས་དབུ་མའི་ལམ་གཞན་མེད་པས་མཐའི་རང་བཞིན་ཉིད་དབུ་མའི་ལམ་སྟེ། མཐའི་རང་བཞིན་དབུ་མའི་ལམ་ཤེས་པ་དེས་ཆོས་ཐམས་ཅད་དབུ་མའི་ལམ་མོ། །བདག་ནི་ནམ་མཁའ་མ་ཡིན་པ་དང་དབྱེར་མེད་པའི་ནམ་མཁའ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ནམ་མཁའ་མ་ཡིན་པ་དང་དབྱེར་མེད་པའི་ནམ་མཁའ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ནམ་མཁའ་མ་ཡིན་པ་དང་དབྱེར་མེད་པའི་ནམ་མཁའ་ནི་ནམ་མཁའ་མ་ཡིན་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ནི་ནམ་མཁའ་མ་ཡིན་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། ནམ་མཁའ་མ་ཡིན་པའི་རང་བཞིན་ལས་ནམ་མཁའ་གཞན་མེད་པས་ནམ་མཁའ་མ་ཡིན་པའི་རང་བཞིན་ཉིད་ནམ་མཁའ་སྟེ། ནམ་མཁའ་མ་ཡིན་པའི་རང་བཞིན་གྱི་ནམ་མཁའ་ཤེས་པ་དེས་ཆོས་ཐམས་ཅད་ནམ་མཁའོ། །བདག་ནི་མོ་ཤམ་གྱི་བུ་མ་ཡིན་པ་དང་དབྱེར་མེད་པའི་མོ་ཤམ་གྱི་བུ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་མོ་ཤམ་གྱི་བུ་མ་ཡིན་པ་དང་དབྱེར་མེད་པའི་མོ་ཤམ་གྱི་བུ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མོ་ཤམ་གྱི་བུ་མ་ཡིན་པ་དང་དབྱེར་མེད་པའི་མོ་ཤམ་གྱི་བུ་ནི་མོ་ཤམ་གྱི་བུ་མ་ཡིན་པའི་རང་བཞིན་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། མོ་ཤམ་གྱི་བུ་མ་ཡིན་པའི་རང་བཞིན་ལས་མོ་ཤམ་གྱི་བུ་གཞན་མ་ཡིན་པའི་ཕྱིར་ཏེ། མོ་ཤམ་གྱི་བུའི་རང་བཞིན་ལས་མོ་ཤམ་གྱི་བུ་མ་ཡིན་པ་གཞན་མེད་པས་མོ་ཤམ་གྱི་བུའི་རང་བཞིན་ཉིད་མོ་ཤམ་གྱི་བུ་མ་ཡིན་པ་སྟེ། མོ་ཤམ་གྱི་བུ་མ་ཡིན་པའི་རང་བཞིན་གྱི་མོ་ཤམ་གྱི་བུ་ཤེས་པ་དེས་ཆོས་ཐམས་ཅང་མོ་ཤམ་གྱི་བུ་དང་མཚུངས་པའོ།