བྱང་ཕྱོགས་ཀྱི་ངོས་སུ་ནི་ཤེལ་གྱི་ཀ་བ་བརྒྱད་ཁྲི་བཞི་སྟོང་ཟུག་པར་གྱུར་ཏོ། །དེ་ནས་དེའི་ཚེ་ཁྱེའུ་ཚངས་པའི་དཔལ་གྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་མཐོང་ནས་ལྷག་པར་ཡང་ཆེས་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་སྐྱེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཁྱེའུ་ཚངས་པའི་དཔལ་གྱིས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཀྱེ་མ་འཇིག་རྟེན་མགོན་པོ་ཡིས། །རྫུ་འཕྲུལ་ཤིན་ཏུ་རྒྱ་ཆེན་བསྟན། །བདག་ཉིད་ལ་ནི་ཐུགས་བརྩེའི་ཕྱིར། །སངས་རྒྱས་ཀྱིས་ནི་རྫུ་འཕྲུལ་བསྟན། །དྲང་སྲོང་ཆེ་ལ་བདག་གིས་ནི། །ས་རྡུལ་ཁང་བརྩེགས་ཕུལ་བ་དེ། །རིན་པོ་ཆེ་ལས་གྲུབ་པར་གྱུར། །ཀྱེ་མ་སངས་རྒྱས་བསམ་མི་ཁྱབ། །ཀྱེ་ཀྱེ་ཞིང་ནི་འདི་འདྲ་བ། །སངས་རྒྱས་ཞིང་ནི་བླ་མེད་པ། །མིག་མེད་མིག་ནི་ཉམས་པ་དང་། །ཤེས་རབ་ཆུང་ངུས་མི་ཤེས་སོ། །རྐང་གཉིས་དམ་པ་འགྲོ་བའི་ཞིང་། །འདི་ནི་བདག་གིས་རྙེད་པ་དང་། །དལ་བ་རབ་དཀོན་ཐོབ་པས་ན། །བྱང་ཆུབ་ཏུ་ནི་སྨོན་ལམ་གདབ། །བདག་ཀྱང་འདྲེན་པ་ཁྱོད་ཀྱི་ནི། །ཡོན་ཏན་རྗེས་སུ་སློབ་པར་འཚལ། །བླ་མེད་བྱང་ཆུབ་ཐོབ་ནས་ནི། །རྫུ་འཕྲུལ་འདི་འདྲ་བདག་གིས་བགྱི། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་གྱི་ཁ་དོག་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །དེ་དག་བྱུང་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་སྟེ། ཡང་སླར་ལོག་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་ནུབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཚིགས་སུ་བཅད་དེ་གསོལ་པ། རྒྱལ་མཆོག་འདྲེན་པ་འགྲོ་བའི་གཙོ་བོ་རྣམས། །རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན། །ཐུགས་རྗེ་ལྡན་པ་འཇིག་རྟེན་སྨན་སླད་དུ། །དེང་འདིར་ཅི་ཕྱིར་འཛུམ་མཛད་བདག་ལ་གསུངས། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་ཁྱེའུ་ཚངས་པའི་དཔལ་འདི་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།