།ཕྱག་རྒྱ་ལྔ་དང་ཀླུ་བརྒྱད་ཀྱིས་བརྒྱན་སྤྱི་བོ་ནས། །མི་བསྐྱོད་ལ་སོགས་དེ་བཞིན་གཤེགས་པ་རྣམ་པར་འཕྲོ་བར་བྱེད། །རྒྱུ་མ་མི་མགོ་རློན་པའི་ཕྲེང་བས་སྐུ་ལ་དོ་ཤལ་བྱས། །ནག་པོ་དྲག་པོས་ཆུ་བདག་ལ་སོགས་ཞལ་དུ་གསོལ་བར་མཛད། །རྩེ་གསུམ་དང་ནི་གདུག་པའི་ཁྲག་བཀང་ཐོད་པ་གཡོན་ན་བསྣམས། །གནོད་སྦྱིན་ལྕེ་འདྲའི་གྲི་གུག་རལ་གྲི་གཡས་ཀྱི་ཕྱག་ན་འཛིན། །གདུག་པའི་དགྲ་རྣམས་རིང་དུ་སྤོང་ཞིང་རློག་པར་མཛད་པ་ཁྱོད། །ལྷ་མོ་བརྒྱད་ཀྱིས་བསྐོར་ཞིང་འདིར་ནི་གར་གྱི་ཚུལ་གྱིས་བཞུགས། །ཉིན་དང་མཚན་དུ་སྒྲུབ་པའི་དོན་རྣམས་མ་ལུས་མཛད་པ་ལ། །སངས་རྒྱས་གྲགས་པ་ཡིས་ནི་འཇིག་རྟེན་མགོན་པོ་ལ་ཞུས་པ། །མ་ལུས་སེམས་ཅན་འདི་དག་རྡོ་རྗེ་ས་ལ་རབ་འགོད་མཛད། །རྗེ་བཙུན་དཔལ་ནག་པོ་ཆེན་པོ་བྱ་རོག་མིང་ཅན་དང་གདོང་ཅན་ལ་བསྟོད་པ་མཁས་པ་ཆེན་པོ་རྩ་མི་སངས་རྒྱས་གྲགས་ཀྱིས་བསྟོད་པ་རྫོགས་སོ།། །།འདི་དག་པྲ་ཀྲི་ཏའི་སྐད་དུ་ཡོད་པ་ལས་སེ་ལོ་ཙཱ་བས་བོད་སྐད་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་དེ་ཝཱི་སྟོ་ཏྲ་ཨཥྚ་ནཱ་མ། བོད་སྐད་དུ། དཔལ་ལྷ་མོ་ནག་མོ་ཆེན་མོ་ལ་བསྟོད་པ་བརྒྱད་པ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཏིལ་མར་གྱིས་བསྐུས་ལན་བུ་གཅིག་པ་རོ་ཉེའི་རྣ་ཆས་སྒེག་ཅིང་ཆ་ལུགས་མ་ལུས་འཆང་། །རྒྱན་དུ་རྐང་སྒྲོགས་ལྕགས་ལས་བྱས་པ་ཅིག་གིས་རང་གི་རྐང་པ་མཛེས་པར་བྱས་པ་དེ། །གཅེར་བུ་བོང་བུ་ཞོན་ཞིང་འགྲོ་བ་འདི་ན་རྒྱུ་བ་དེ་ནི་ལྷ་མོ་ཁྱོད་ཉིད་ཀྱིས། །བདག་ཉིད་མཛེས་པར་ཤེས་ཀྱིས་གཞན་ལྟས་ཁྱོད་ཀྱི་སྤྱོད་པའི་མཚོ་ཆེན་དོན་དག་སུ་ཡིས་ཤེས། །འཁོར་བ་འཇིག་པའི་ཚེ་ན་མི་ལུས་དག་ལས་ཁྲག་དང་ཞག་འཛག་དུད་པ་འཐུལ་བ་ན། །ལྷ་མོ་མཆེ་བ་མི་བཟད་ཁྱོད་ཀྱིས་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་ཞུགས་པར་འགྱུར། །ནག་མོ་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་རྣལ་འབྱོར་ཅན་ཏེ་དུར་ཁྲོད་དགྱེས། །ཁྱོད་ནི་གཡོ་བྱེད་མནན་ཅིང་ནད་ཆེན་འཆི་བའི་འཇིགས་པ་བསལ་ཞིང་མི་བཟད་དྲིལ་ཡང་སྒྲོགས། །ཁྱོད་ནི་དཔའ་བོ་དག་གི་མགོ་བོས་ཅོད་པན་གྱིས་ནི་ལེགས་སྤྲས་གཡུལ་དུ་མཚོན་གྱིས་བཅད་པ་ཡི། །ཕྲེང་བ་ཐོགས་ཤིང་གར་བྱེད་ལག་པ་མཉེན་བརྐྱང་རྐུབ་ཚོས་ཆེ་ལ་ཀླུ་དབང་གཤིབས་པ་ཡི།