།འཇིག་རྟེན་ལས་འདས་པའི་ཆོས་རིན་པོ་ཆེ་གང་ཞེ་ན། ཆོས་གང་འཇིག་རྟེན་ལས་སྒྲོལ་བའོ། །འཇིག་རྟེན་ལས་སྒྲོལ་བའི་ཆོས་གང་ཞེ་ན། འདི་ལྟ་སྟེ། འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་སྟེ། ཤེས་རབ་ཀྱི་འཇིག་རྟེན་ལས་སྒྲོལ་ལོ། །ཤེས་རབ་རིན་པོ་ཆེས་ནི་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་བསྡུས་ཏེ། ཤེས་རབ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་ནོ། །མིའམ་ཅིའི་བདག་པོ་འདི་ལྟ་སྟེ་དཔེར་ན་ཀླུང་ཐམས་ཅད་ཀྱི་གཙོ་བོ་ནི་རྒྱ་མཚོ་ཆེན་པོའོ། །རི་ཐམས་ཅད་ཀྱི་གཙོ་བོ་ནི་རིའི་རྒྱལ་པོ་རི་རབ་བོ། །སྐར་མ་ཐམས་ཅད་ཀྱི་གཙོ་བོ་ནི་ཟླ་བའོ། །སྣང་བ་ཐམས་ཅད་ཀྱི་གཙོ་བོ་ནི་ཉི་མའོ། །རི་དགས་ཐམས་ཅད་ཀྱི་གཙོ་བོ་ནི་སེང་གེའོ། །སྐྱེ་དགུ་ཐམས་ཅད་ཀྱི་གཙོ་བོ་ནི་རྒྱལ་པོའོ། །སུམ་ཅུ་རྩ་གསུམ་པ་ཐམས་ཅད་ཀྱི་གཙོ་བོ་ནི་བརྒྱ་བྱིན་ནོ། །ཚངས་པ་ལ་དབང་དུ་བྱ་བ་རྣམས་ཀྱི་གཙོ་བོ་ནི་ཚངས་པ་ཆེན་པོའོ། །མིའམ་ཅིའི་བདག་པོ་དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གཙོ་བོ་ནི་ཤེས་རབ་སྟེ། དེའི་ཕྱིར་ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱའོ། །མུ་སྟེགས་ལ་གནས་པ་བསྒྲལ་བའི་ཕྱིར་བདེ་བར་འགྲོ་བས་ལམ་མོ། །ཉོན་མོངས་པའི་མུན་པ་སེལ་བའི་ཕྱིར་སྒྲོན་མའོ། །གཡུལ་ལས་རྒྱལ་བའི་ཕྱིར་དཔའ་བོའོ། །སྨན་རབ་ཏུ་སྦྱོར་བའི་ཕྱིར་སྨན་པའོ། །གཙུག་ལག་ཐམས་ཅད་ཤེས་པའི་ཕྱིར་སློབ་དཔོན་ནོ། །ཆོས་ཐམས་ཅད་ཕིགས་པའི་ཕྱིར་མདའོ། །ཉོན་མོངས་པ་གཅོད་པའི་ཕྱིར་རལ་གྲིའོ། །ཉོན་མོངས་པའི་ཚང་ཚིང་དྲལ་བའི་ཕྱིར་ཐོང་གཤོལ་ལོ། །མཉམ་པའི་ཕྱིར་མི་འགལ་བའོ། །འཐབ་པ་མེད་པའི་ཕྱིར་རྩོད་པ་མེད་པའོ། །འབྱུང་བ་མེད་པའི་ཕྱིར་མི་འགག་པའོ། །བདེན་པའི་དོན་རྣམས་ཡོངས་སུ་ཤེས་པའི་མཐར་ཐུག་པའི་ཕྱིར་མི་འཁྲུགས་པའོ། །དྲན་པ་ཉེ་བར་གཞོག་པའི་ཕྱིར་དྲན་པའོ། །ཡང་དག་པར་སྤོང་བ་རྣམས་ལ་མཉམ་པ་ཉིད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བསྐྱེད་པའོ། །དབང་པོ་རྣམས་སྦེད་པའོ། །སྟོབས་རྣམས་ཀྱིས་མི་རྫི་བའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་རྗེས་སུ་རྟོག་པའོ། །ལམ་སྟོན་པའོ། །ཞི་གནས་ཞི་བར་བྱེད་པའོ།