།འདུ་ཤེས་མདུད་པ་ཕྱིན་ཅི་ལོག་ལས་གྱུར། །རྣམ་པར་རྟོག་པས་ཆོས་དབྱིངས་མིང་བཏགས་པ། །མིང་དེ་ཉིད་ཀྱང་གཞན་མིན་དེ་བཞིན་མིན། །མིང་དང་གཟུགས་ཀྱི་རང་བཞིན་རྗེས་རྟོགས་པ། །དེ་དག་རྟག་ཏུ་མི་ཆགས་འཇིག་རྟེན་སྤྱོད། །གང་རྣམས་འདས་པའི་བདེ་གཤེགས་གྲངས་མེད་པ། །དེ་དག་གིས་ནི་གང་གསུངས་ཆོས་མང་པོ། །གཟོད་ནས་ཟད་ཅིང་དེངས་དང་འཇིགས་ལས་དབེན། །དེ་དག་ཡུལ་དང་ཕྱོགས་སུ་འགྲོ་མ་ཡིན། །ཆོས་འདི་དག་ནི་ཡི་གེ་ལས་བྱུང་སྟེ། །ཡི་གེ་གང་དག་ཟད་ཅན་ཟད་པའི་ཆོས། །ཡི་གེ་ཟད་པའི་ཆོས་ཉིད་ཤེས་པས་ན། །ཆོས་རྣམས་ཀུན་ལ་རྣམ་པར་རྟོག་མི་བྱེད། །སེམས་ཀྱི་རྒྱུད་ནི་རྒྱུད་མཉམ་རྒྱུད་མ་ཡིན། །རང་བཞིན་གཞན་དང་གཞན་ཏེ་ཆགས་པ་མེད། །སེམས་དང་སེམས་བྱུང་ཆོས་མཐའ་མེད་ཤེས་པས། །འཕགས་པ་རྣམས་ནི་མཉམ་པའི་ཆོས་ལ་འཇུག །མཐའ་དང་མཐའ་མེད་ཀུན་ཆད་རྣམ་པར་ཆད། །ཐོག་མ་ཐ་མ་བར་མ་མཉམ་གྱུར་པ། །དུས་གསུམ་དག་ནི་དབེན་པས་ཤེས་པ་མཉམ། །ཤེས་པ་དེ་ཡང་མཐའ་ཡོད་མ་ཡིན་ནོ། །སྐྱེ་བོ་རྟག་ཏུ་མིང་དང་གཟུགས་ལ་ཆགས། །མཐའ་དང་མཐའ་མེད་ལྟ་བས་གོས་པ་རྣམས། །རྒྱུ་དང་རྐྱེན་ལས་བྱུང་བར་ཤེས་པས་ན། །བདག་དང་སེམས་ཅན་རྣམ་པར་རྟོག་མ་ཡིན། །བདག་ལས་ལྡང་བ་རྟག་ཏུ་ལྡང་མ་ཡིན། །ཆོས་དེ་ཀུན་ནས་བསླང་བ་མེད་པ་སྟེ། །གང་དག་ལྡང་དང་ལྡང་བ་མེད་རྟོག་པ། །དེ་དག་བཟོད་པ་མཉམ་ཉིད་རྗེས་འཐུན་པ། །ཆོས་ཀུན་རྟག་ཏུ་བདག་མེད་རང་བཞིན་ཏེ། །སྤྲིན་དང་གློག་དང་ནམ་མཁའ་ལྟ་བུ་གསོག །བདག་དང་སེམས་ཅན་རྟག་ཏུ་རང་བཞིན་སྟོང་། །འདི་ནི་གཟུངས་ཀྱི་ཕྱག་རྒྱར་འཇུག་པའོ། །ཆོས་རྣམས་མཚན་ཉིད་གཅིག་སྟེ་མཚན་ཉིད་མེད། །གང་གིས་ཐར་པའི་སྒོ་གསུམ་རྣམ་རྟོགས་ནས། །ཐུག་པ་མེད་པའི་ཆོས་རྣམས་སྟོན་བྱེད་ཀྱང་། །ཆོས་ལ་ཡོངས་སུ་རྟོག་པ་མི་བྱེད་དོ། །ཐ་མ་འབྲིང་དང་དེ་བཞིན་མཆོག་རྣམས་ཀྱི། །ཆོས་འདི་དག་ནི་ཡི་གེ་ལས་བྱུང་སྟེ། །ཡི་གེ་རྣམས་ལ་རྣམ་པར་རྟོག་མི་བྱེད།