།སངས་རྒྱས་བྱེ་བ་མང་ལ་བསྙེན་བཀུར་མཛད། །དེ་དག་རྣམས་ཀྱིས་བཤད་པའི་ཆོས་ཀྱང་བཟུང་། །ཐུགས་རྗེ་ལྡན་ཞིང་འགྲོ་བའི་དོན་གྱི་ཕྱིར། །ཁྱོད་ལ་ཡོངས་སུ་སྐྱོ་བའི་ཐུགས་མི་མངའ། །རིམ་གྲོར་མ་བགྱིས་ཞུམ་པར་མི་འགྱུར་ཞིང་། །རིམ་གྲོ་བགྱིས་པས་མཐོ་བར་འགྱུར་མ་ལགས། །དོག་ས་ལྟ་བུར་སྙོམས་ཤིང་མི་གཡོ་སྟེ། །འཇིག་རྟེན་ཆོས་གནས་མི་གོས་པད་མ་བཞིན། །ཆོས་རྣམས་སྟོང་པ་མཚན་མ་མ་མཆིས་དང་། །ཆུ་ཟླ་འདྲ་ཞིང་སྒྱུ་མ་ལྟ་བུ་དང་། །དབུ་བ་རྡོས་འདྲ་རྨི་ལམ་གློག་འདྲ་དང་། །སྨིག་རྒྱུའི་མཚན་ཉིད་ལྟ་བུར་རབ་ཏུ་མཁྱེན། །ངོ་བོ་ཉིད་ཀྱིས་གང་ཟག་བདག་མ་མཆིས། །གདོད་ནས་སྟོང་ཞིང་མི་གཡོ་རྗེས་མ་མཆིས། །ནམ་མཁའ་ལྟ་བུར་དག་ཅིང་དྲི་མ་མཆིས། །དངོས་པོ་བས་པར་དངོས་པོ་མ་མཆིས་འདྲ། །ལས་དང་བྱ་བརྒྱུ་དང་རྐྱེན་རྣམས་ལས། །བྱུང་བ་ལགས་ཀྱི་རྗེས་ནི་མ་མཆིས་པར། །ཚུལ་འདི་རྣམ་པར་སྦྱང་བ་མཛད་པས་ན། །དེ་ཕྱིར་ཁྱོད་ནི་རྫོགས་སངས་རྒྱས་ཞེས་བགྱི། །གང་དག་འདྲེན་པ་མཐོང་ཞིང་ཐོས་གྱུར་པ། །དེ་དག་ལ་ནི་ངན་སོང་འཇིགས་མ་མཆིས། །དེ་དག་བདེ་འགྲོ་དག་ཏུ་མཆོག་གཞོལ་ཏེ། །སྲོག་ཆགས་དེ་རྣམས་ཀྱི་ནི་རྙེད་པ་ལགས། །བདག་ཅག་རྣམས་ཀྱིས་གང་ཟག་དམ་པ་ཁྱོད། །ཀུན་ཏུ་མཆོད་པས་མཆོད་པ་བགྱིས་ནས་སུ། །བྱང་ཆུབ་ཏུ་ནི་སེམས་ཀྱང་བསྐྱེད་བགྱིས་ཏེ། །གང་ཟག་མཆོག་འདྲར་ཐམས་ཅད་འགྱུར་བར་ཤོག །ནམ་མཁའ་ལ་ནི་དཔག་ཏུ་ནུས་ཀྱང་གདའ། །རྒྱ་མཚོའི་ཆབ་ནི་བས་བགྱིར་ནུས་ཀྱང་གདའ། །ཉི་ཟླ་མཁའ་ལས་སར་ནི་ལྟུང་གདའ་ཡི། །སངས་རྒྱས་ཡོན་ཏན་བས་པར་འགྱུར་མི་གདའ། །དེ་ནས་བཅོམ་ལྡན་འདས་ཤིང་རྟ་ལ་བཞུགས་ཏེ་ནམ་མཁའི་དཀྱིལ་གྱི་ལམ་ནས་གཤེགས་པས་གཤེགས་ཤིང་། གསེར་གྱི་ཁ་དོག་ལྟ་བུར་སྐུ་ལས་འོད་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྱབ་པར་འགྱུར་བ་དེ་ལྟ་བུའི་འོད་ཕྱུང་བ་དང་། འོད་དེས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་དང་། བྱ་རྒོད་ཀྱི་ཕུང་པོའི་རི་ཡང་རབ་ཏུ་ཁྱབ་པར་གྱུར་ཏོ།