དེ་ནས་བྱང་ཆུབ་སེམས་དཔའ་མེ་ཏོག་དཔལ་གྱི་སྙིང་པོ་ཆོས་ཐམས་ཅད་ལ་དབང་སྒྱུར་བས་དེ་བཞིན་གཤེགས་པའི་གདན་སེང་གེའི་ཁྲི་ཆེན་པོ་བསྐུལ་བར་བསྔགས་པ་མཐའ་ཡས་ཞེས་བྱ་བ་མངོན་པར་སྤྲུལ་ནས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། གུས་པ་དང་བཅས་ཤིང་ཞེ་ས་དང་བཅས་པར་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། ཉི་མའི་འོད་ཀྱིས་འགྲོ་བའི་དགོས་པ་རབ་ཏུ་བགྱིད། །ལྷ་དབང་གཟི་བརྗིད་ཡོན་ཏན་སུམ་ཅུ་རྩ་གསུམ་དགའ། །ཚངས་པའི་དབྱངས་ཀྱིས་ཚངས་པའི་འཇིག་རྟེན་རྣམ་པར་མཛེས། །སངས་རྒྱས་མཐུ་ཡི་ཡུལ་གྱིས་རྣམ་པར་འཕྲུལ་པ་འདི། །ཆོས་རྣམས་མི་གཡོ་ནམ་མཁའི་རང་བཞིན་ཡ་མ་བརླ། །སྒྱུ་མ་སྨིག་རྒྱུ་ལྟ་བུ་ཆུ་ཡི་ཟླ་འདྲ་ཞིང་། །རྗེ་མེད་བྱེད་པ་པོ་དང་ཚོར་བ་པོ་མེད་པར། །མཁྱེན་ནས་མགོན་པོ་འདིར་ནི་རྣམ་པར་སྒྲུབ་པ་སྟོན། །བཀོད་པའི་སེམས་ཀྱི་དབང་འགྲོ་སེམས་ནི་གཟུགས་ཅན་མིན། །རྣམ་སྒྲུབ་ཐམས་ཅད་སེམས་ཀྱི་རང་བཞིན་དབང་དུ་འགྲོ། །བཀོད་པ་ཐམས་ཅད་འདིར་ནི་སྒྱུ་མའི་རང་བཞིན་འདྲ། །རྣམ་སྒྲུབ་བདག་གིས་མ་མཆིས་གང་ནའང་གནས་མ་མཆིས། །གང་གིས་སེམས་རྒྱུན་མ་མཆིས་རང་བཞིན་དག་འཚལ་བ། །དེ་ལ་གློ་བུར་གནས་པའི་ཉོན་མོངས་མ་མཆིས་སོ། །རྟོག་དང་ཀུན་རྟོག་ཡོངས་སུ་རྟོག་ལས་སེམས་གྲོལ་བ། །དེ་ནི་སྒྱུ་མའི་རྣམ་པར་སྤྲུལ་པ་སྣ་ཚོགས་སྟོན། །ས་སྟེང་རྡུལ་ཙམ་མངོན་པར་འཕགས་པ་མ་མཆིས་ཀྱང་། །ས་སྟེང་ནོར་བུ་རིན་ཆེན་སྣ་ཚོགས་ཀུན་ཏུ་བསྟན། །གདན་གང་བཞུགས་ནས་སེམས་ཅན་བྱེ་བ་འདུལ་འགྱུར་བ། །ཁྱོད་ཀྱི་སེང་གེའི་ཁྲི་གདན་རབ་མཛེས་བདག་གིས་བགྱིས། །གདུགས་དང་རྒྱལ་མཚན་མཆོག་དང་དར་གྱི་ཕྲེང་བ་བསྒྲེང་། །དེ་ནི་གང་དུའང་འགྲོ་བ་མ་མཆིས་འོང་མ་མཆིས། །ཁྱོད་ཀྱིས་གང་ནས་ཆོས་རྣམས་འདུ་བ་མཁྱེན་ནས་ཀྱང་། །སེམས་ཅན་དམ་པ་རྣམ་པར་འཕྲུལ་པ་སྣ་ཚོགས་སྟོན། །ཚངས་པའི་དབྱངས་ལྡན་ལེགས་ཤིང་ཤིན་ཏུ་བསྲུངས་པའི་གསུང་། །འཇིག་རྟེན་སྒྲོན་མ་མཛད་པ་བསོད་ནམས་གཟི་བརྗིད་མང་། །བདག་ལ་ཐུགས་བརྩེའི་སླད་དུ་འཛེགས་ཏེ་གདན་ལ་བཞུགས། །རྒ་དང་འཆི་དང་ན་བ་གཅོད་པའི་ཆོས་བཤད་གསོལ། །ཁྱོད་ལ་བསྙེན་བཀུར་བགྱི་དང་ཆོས་ནི་མཉན་སླད་དུ། །རྣམ་དག་སེམས་ཅན་འདི་རྣམས་ཕྱོགས་བཅུ་དག་ནས་ལྷགས།