།གཅིག་ཀྱང་བདག་དང་བརྒྱ་བྱིན་རྩེ་བར་ཤེས། །གཅིག་ལྟར་ལྷ་མོ་ཀུན་ཀྱང་དེ་བཞིན་ནོ། །ལྷ་མོ་ཀུན་དང་དཀའ་བར་གནས་སྣང་ཡང་། །ཆོས་བཟང་འདུན་ས་ན་ཡང་དེ་བཞིན་འདུག །ལྷ་རྣམས་ཀུན་ལ་ཆོས་རབ་སྟོན་སྣང་ཞིང་། །བརྒྱ་བྱིན་སྐད་ཅིག་གཅིག་ལ་རྣམ་པར་འཕྲུལ། །བརྒྱ་བྱིན་ཆགས་སྡང་གཏི་མུག་ལྡན་པ་ཡང་། །སྤྲུལ་པས་རང་གི་འཁོར་རྣམས་དགའ་བྱེད་ན། །འགྲོ་དོན་མི་སྐྱོ་སྦྱོར་རྣམས་ཅི་ཡི་ཕྱིར། །རྫུ་འཕྲུལ་སྟོབས་ཀྱིས་འཇིག་རྟེན་མགུ་མི་བྱེད། །བདུད་ཀྱི་དཀྲུགས་མ་འགྲོ་བའི་དབང་སྒྱུར་བ། །དེ་ཡི་དབང་དུ་སེམས་ཅན་འདི་ཀུན་འདོད། །ལས་དང་ཉོན་མོངས་ཀུན་དུ་ཞུགས་པ་ཡིས། །སོ་སོའི་སྐྱེ་བོ་ཐམས་ཅད་བདུད་དེས་བཅིངས། །ཆགས་སྡང་གཏི་མུག་ལྡན་པའི་བདུད་དེ་ཡང་། །འགྲོ་བ་ཐམས་ཅད་དབང་དུ་འགྱུར་བྱེད་ན། །དབང་བཅུ་དབང་ཐོབ་རྣམས་ལྟ་ཅི་སྨོས་ཏེ། །འགྲོ་བ་ཐམས་ཅད་རང་གི་ཕྱོགས་མི་འཇོག །སྟོང་གསུམ་གནས་ཀྱི་བདག་པོ་ཚངས་པ་ཡང་། །སྟོང་གསུམ་ཚངས་གནས་ཇི་སྙེད་ཡོད་པ་ན། །དེ་དག་ཀུན་ན་འདུག་པར་རབ་སྣང་ཞིང་། །ཚངས་པའི་སྒྲ་དབྱངས་ཤིན་ཏུ་ཡིད་འོང་སྒྲོགས། །ཚངས་དེ་འཇིག་རྟེན་པ་ཡི་ཚངས་ལམ་གྱི། །བསམ་གཏན་མངོན་ཤེས་རྣམ་པར་འཕྲུལ་བྱེད་ན། །འཇིག་རྟེན་རབ་འདས་བླ་ན་མེད་པ་ཡི། །བསམ་གཏན་རྣམ་ཐར་གནས་པ་ཅིས་མི་འཕྲུལ། །དབང་ཕྱུག་ཆེན་པོའི་ཤེས་པའི་རྣམ་འཕྲུལ་ལྟོས། །རྒྱ་མཚོའི་སྤྲིན་གྱིས་ཆར་ཐིགས་རབ་བཀྱེ་བ། །སྐད་ཅིག་གཅིག་ལ་ཐམས་ཅད་འགྲང་བ་བྱེད། །ཐིགས་འགའི་ཟེར་ཀྱང་མ་ཤེས་དེ་མེད་ན། །བསླབ་པ་བསྐལ་པ་བསམ་ཡས་རབ་བསླབས་ཏེ། །བྱང་ཆུབ་བླ་མེད་ཡེ་ཤེས་ཐོབ་པ་རྣམས། །ཅི་ཕྱིར་སྐད་ཅིག་གཅིག་ལ་སེམས་ཀྱིས་ནི། །འགྲོ་བ་མ་ལུས་ཀུན་གྱི་སེམས་མི་ཤེས། །སེམས་ཅན་ལས་སྨིན་བསམ་གྱིས་མི་ཁྱབ་པས། །འཇིག་རྟེན་འདི་ཀུན་རླུང་ལས་ཡོངས་སུ་བྱུང་། །རྒྱ་མཚོ་རི་དང་ལྷ་ཡི་གཞལ་མེད་ཁང་། །རིན་ཆེན་རྣམ་ཕྱེ་ས་བོན་བཀྲམ་པའང་བྱུང་། །རླུང་ལས་སྤྲིན་བྱུང་ཆར་པའང་ཀུན་དུ་འབབ། །རླུང་གིས་སྤྲིན་ཀྱང་རབ་ཏུ་ཞི་བར་བྱེད།