།གྲངས་མེད་མ་ལུས་དག་ན་བཞུགས་སངས་རྒྱས། །དེ་དག་སྤྱན་སྔར་ཞབས་དྲུང་དེ་དག་རྣམས། །ཞི་བའི་ཏིང་ངེ་འཛིན་ལ་གནས་པར་སྣང་། །ཕྱོགས་དེར་མཉམ་པར་བཞག་པར་བསྟན་བྱས་ནས། །དཔའ་བོ་ཤར་གྱི་ཞིང་རྣམས་མ་ལུས་པར། །རྣམ་པར་ལྡང་ཞིང་མངོན་སུམ་རྒྱལ་ཀུན་ལ། །མཆོད་པ་དུ་མ་རབ་ཏུ་བྱེད་པར་སྣང་། །དེ་བཞིན་ཕྱོགས་བཅུ་དག་གི་ཞིང་རྣམས་སུ། །ཕྱོགས་རྣམས་མ་ལུས་ཀུན་དུ་བརྟན་པ་འཇུག །ཁ་ཅིག་མཉམ་གཞག་ཁ་ཅིག་ལངས་གྱུར་ཅིང་། །འཇིག་རྟེན་སྒྲོན་མ་རྣམས་ལ་མཆོད་བྱེད་སྣང་། །དེ་དག་མིག་གི་ལམ་ལ་མཉམ་བཞག་ཅིང་། །གཟུགས་ཀྱི་ལམ་ནས་བདག་ཉིད་ཆེན་པོ་ལྡང་། །གཟུགས་རྣམས་བསམ་གྱིས་མི་ཁྱབ་སྟོན་པ་ན། །དེ་ལ་ལྷར་བཅས་འཇིག་རྟེན་རྨོངས་པར་འགྱུར། །གཟུགས་ཀྱི་ལམ་ལ་མཉམ་པར་བཞག་གྱུར་ལ། །མིག་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང་། །མིག་གི་ལམ་ནས་དྲན་ལྡན་རྣམ་པར་ལྡང་། །དེ་དག་རྣ་བའི་ལམ་ལ་མཉམ་བཞག་ཅིང་། །སྒྲ་ཡི་ལམ་ནས་བདག་ཉིད་ཆེན་པོ་ལྡང་། །གང་ལ་ལྷར་བཅས་འཇིག་རྟེན་རྨོངས་འགྱུར་བ། །སྒྲ་དང་སྐད་རྣམས་ཀུན་ལ་རབ་ཏུ་ཞུགས། །སྒྲ་ཡི་ལམ་ལ་མཉམ་པར་བཞག་གྱུར་ཅིང་། །རྣ་བ་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང་། །རྣ་བའི་ལམ་ནས་དྲན་ལྡན་རྣམ་པར་ལྡང་། །དེ་དག་སྣ་ཡི་ལམ་ལ་མཉམ་བཞག་ཅིང་། །དྲི་ཡི་ལམ་ནས་བདག་ཉིད་ཆེན་པོ་ལྡང་། །གང་དུ་ལྷར་བཅས་འཇིག་རྟེན་རྨོངས་འགྱུར་བ། །དྲི་མཆོག་དམ་པ་འཇུག་པར་རབ་ཏུ་ཞུགས། །དྲི་ཡི་ལམ་ལ་མཉམ་པར་བཞག་གྱུར་ཅིང་། །སྣ་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པ་རབ་སྟོན་ཅིང་། །སྣ་ཡི་ལམ་ནས་དྲན་ལྡན་རྣམ་པར་ལྡང་། །དེ་དག་ལྕེ་ཡི་ལམ་ལ་མཉམ་བཞག་ཅིང་། །རོ་མཆོག་ཀུན་གྱི་ལམ་ནས་རྣམ་པར་ལྡང་། །གང་དུ་ལྷར་བཅས་འཇིག་རྟེན་རྨོངས་འགྱུར་བ། །བདག་ཉིད་ཆེན་པོ་རོ་མཆོག་རྣམས་དང་ལྡན། །