Degé Kangyur volume 57, F.30.b

ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཚེ་རྒྱལ་པོའི་ཁབ་འདི་ཉིད་དུ་བུད་མེད་གྲོང་པའི་ཐ་ཆད་ཕྱག་དར་བྱེད་པ་ངན་འགྲོ་བ་ཞིག་བྱུང་སྟེ། དེས་ཁྱིམ་བདག་ཆེ་གེ་མོ་ཞེས་བྱ་བ་ཞིག་གི་ཁྱིམ་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་འདྲེན་ཅེས་ཐོས་ནས་དེ་བཀྲེས་པ་དང་། སྐོམ་པས་ཉེན་པས་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་སོང་བ་དང་། དེར་འཁོར་གྱི་ཁྱམས་ན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རབ་ཏུ་ཞི་བའི་སྤྱོད་ལམ་དུ་གནས་པ་དང་བཤོས་འདྲིམ་པ་མཐོང་ངོ་། །​བུད་མེད་དེས་སྤྱོད་ལམ་ཕུན་སུམ་ཚོགས་པ་དེ་དང་ཚོགས་ཀྱིས་བསྐོར་བ་མཛེས་པ་དེ་ཡང་མཐོང་ནས། ཀྱེ་མའོ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་རབ་ཏུ་ཞི་བའི་སྤྱོད་ལམ་དང་། ཞབས་འབྲིང་བ་མཛེས་པས་མཛེས་སོ་ཞེས་དད་པའི་སེམས་གཅིག་བསྐྱེད་ནས་དེ་འཆི་བའི་དུས་བྱས་སོ། །​དེ་རྒྱུ་དེ་ཉིད་ཀྱིས་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེས་པ་ནས་རྒྱུ་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་པའི་བར་དུའོ། །​རིགས་ཀྱི་བུ་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཚེ་རྒྱལ་པོའི་ཁབ་འདི་ཉིད་དུ་ཟས་འདོད་ཅེས་བྱ་བའི་བྲམ་ཟེ་ཞིག་བྱུང་ངོ་། །​ཟས་འདོད་དེ་སངས་རྒྱས་དང་། ཆོས་དང་དགེ་འདུན་དཀོན་མཆོག་ལ་རང་བཞིན་གྱིས་མ་དད་ན་བསྙེན་བཀུར་ལྟ་ག་ལ་ཞིག་བྱེད། དེའི་ཚེ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་གཤེགས་པ་དང་། བྲམ་ཟེ་དེ་ཡང་དོན་ཞིག་གཉེར་ཞིང་རྒྱལ་པོའི་ཁབ་ནས་བྱུང་ངོ་། །​དེ་བྱུང་བ་དང་བཅོམ་ལྡན་འདས་རྣམ་པར་གཟིགས་དེ་བཞིན་གཤེགས་པ་དེ་ཁས་བོན་དུ་མཐོང་ངོ་། །​མཐོང་ནས་ཀྱང་དེས་གཟུགས་མཛེས་པ་ལ་དམིགས་ཏེ། ཀྱེ་མའོ་བཅོམ་ལྡན་འདས་རྣམ་པར་གཟིགས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་དང་དཔེ་བྱད་བཟང་པོ་རྣམས་ཀྱིས་སྐུ་ལེགས་པར་བརྒྱན་ཏོ་ཞེས་དད་པའི་སེམས་གཅིག་རྙེད་ནས། དེ་འཆི་བའི་དུས་བྱས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh144.html?part=UT22084-057-003-388#UT22084-057-003-388