།ཡུལ་མེད་པ་ཡུལ་དང་བྲལ་བ་ནི་དེ་བཞིན་གཤེགས་པའི་ཡུལ་ལོ་ཞེས་འཇུག་པར་འགྱུར་རོ། །འཇམ་དཔལ་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་ཤེས་སོ། །དེ་རང་གི་སེམས་མཉམ་པ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་ཀྱི་ཕྱིར་རང་གི་སེམས་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་སྒྱུ་མ་ལྟ་བུའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །དེ་རང་གི་ལུས་ཆོས་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ལུས་ཆོས་ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ཆོས་ཉིད་ཀྱི་ཕྱིར་རང་གི་ལུས་ཆོས་ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ཐམས་ཅད་ནི་གཟུགས་བརྙན་ལྟ་བུའི་ཕྱིར་རང་གི་ལུས་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་འཇུག་ཅིང་ཡང་དག་པར་འདུའོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཡང་རང་གི་ལུས་རྗེས་སུ་འཇུག་ཅིང་ཡང་དག་པར་འདུའོ། །འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སངས་རྒྱས་ཀྱི་སྐུ་བྱིན་གྱིས་རློབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཡང་དེ་བཞིན་ནོ། །རང་གི་ལུས་དང་རང་གི་ལུས་མ་ཡིན་པ་དང་ཞིང་གི་ཚོགས་བྱིན་གྱིས་རློབ་བོ། །དེ་བཞིན་དུ་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་ཀྱང་ཇི་ལྟར་འདོད་པ་དེ་བཞིན་དུ་བྱིན་གྱིས་རློབ་སྟེ། ཆུའི་ཁམས་དང་སའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་སུ་བྱིན་གྱིས་རློབ་བོ། །མེའི་ཁམས་དང་སའི་ཁམས་དང་ཆུའི་ཁམས་དང་རླུང་གི་ཁམས་སུ་བྱིན་གྱིས་རློབ་བོ། །རླུང་གི་ཁམས་དང་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་སུ་བྱིན་གྱིས་རློབ་བོ། །དེའི་བྱིན་གྱིས་བརླབས་དེ་ནི་བརྒྱ་བྱིན་ནམ། ཚངས་པའམ། བདུད་དམ། གཞན་གང་གིས་ཀྱང་འཇིག་རྟེན་ན་ཆོས་དང་འཐུན་པར་བསྐུལ་པའམ། །སྤྱོད་པར་ནུས་པའི་དེ་ལྟ་བུའི་གནས་མེད་དོ། །འཇམ་དཔལ་སྤྱོད་པ་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཟུགས་ལ་སོ་སོ་ཡང་དག་པར་རིག་པ་བཞི་དང་མངོན་པར་ཤེས་པ་དྲུག་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་བྱིན་གྱི་རླབས་བཞི་ཡང་དག་པར་འཇུག་གོ།