།དཀར་པོའི་ཚེས་བརྒྱད་དམ་བཅྭ་ལྔ་ལ་འཕགས་མ་སྒྲོལ་མ་ལ་མཆོད་པ་ཆེན་པོ་བྱས་ཏེ། སྒྲོལ་མ་མངོན་སུམ་དུ་མཐོང་གི་བར་དེ་ཙམ་དུ་བཟླས་པར་བྱའོ། །གང་འདོད་པ་དེ་སྦྱིན་ནོ། །མཆོག་ཐམས་ཅད་སྟེར་རོ། །མ་བྱིན་ན་བདག་གིས་མཚམས་མེད་པ་ལྔ་བྱས་སོ། །གཞན་ཡང་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །རྡོ་རྗེ་མཆོག་གི་རྒྱུད་ལས་བཏུས། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་རྫོགས་སོ།། །།༄༅། །རྒྱ་གར་སྐད་དུ། ཨཱརྱ་ཛ་ཡ་བ་ཏཱི་ནཱ་མ་མ་ཧཱ་བིདྱཱ་རཱ་ཛཱ། བོད་སྐད་དུ། འཕགས་མ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལུས་འཕགས་རི་ལ་བཞུགས་ཏེ། དེའི་ཚེ་འབྱུང་པོ་རྣམས་འཁྲུགས་པར་གྱུར་ནས། མ་དད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། གྲུལ་བུམ་རྣམས་འཁྲུགས་ཤིང་ཁྲོས་ཏེ། དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་གང་དག་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དད་པ་དེ་དག་ལ་གནོད་པར་བྱེད་དེ་དེའི་ཚེ་ཀུ་ཅོའི་སྒྲ་ཆེན་པོ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་ཡང་དག་པར་ཟིན་ནས་ཕྱོགས་བཞིར་རྣམ་པར་གཟིགས་ཏེ། ཕྱོགས་བཞི་ནས་གློག་དང་། སེར་བ་དང་། ཆར་ཆེན་འབབ་པ་དང་། སྐར་མདའ་ལྟུང་བ་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་རྡོ་རྗེ་འཆང་ལ་བརྡ་མཛད་དོ། །དེ་ནས་རྡོ་རྗེ་འཆང་གཏུམ་པོ་ཁྲོས་ཏེ། སྟན་ལས་ལངས་ནས་ཤར་ཕྱོགས་སུ་རྡོ་རྗེ་འབར་བ་སྟོང་མངོན་པར་སྤྲུལ་ཏེ་འདི་སྐད་ཅེས་གསོལ་ཏོ།