འཇིག་རྟེན་དཔག་མེད་མང་པོའི་སྐྱབས་ཀྱི་མཆོག །རྒྱལ་བ་ཐེ་ཚོམ་གཅོད་ལ་ཞུ་བགྱི་བ། །བྱང་ཆུབ་སེམས་དཔས་སུག་ལས་ཅི་བགྱིས་ན། །སངས་རྒྱས་མངོན་དུ་ལྷན་ཅིག་ཕྲད་པ་འཐོབ། །འཇིག་རྟེན་མགོན་པོ་དེ་ལ་ཀླུས་ཞུས་ནས། །འཇིག་རྟེན་ཕན་ཕྱིར་འདྲེན་པས་ལུང་བསྟན་པ། །སེམས་ཅན་རྒྱུད་ལ་ཉོན་མོངས་རྣམ་རིག་དང་། །ཡོངས་སུ་དུལ་བའི་ཡིད་ནི་རྣམ་ཤེས་ནས། །འགྲོ་ལ་ཕན་ཕྱིར་སྙིང་རྗེ་བསྐྱེད་ནས་སུ། །བྱང་ཆུབ་མཆོག་གི་དོན་དུ་སྤྱད་པ་སྤྱོད། །བདག་དང་རྒྱལ་བར་ཇི་ལྟར་ཕྲད་སྙམ་ནས། །ཐབས་ལ་མཁས་པར་མངོན་པར་རབ་གནས་ཏེ། །རྒྱལ་བ་རྣམས་དང་བདེ་གཤེགས་མྱ་ངན་འདས། །སྐུ་གདུང་དག་ལ་གཞལ་མེད་མཆོད་བྱེད་ཅིང་། །རྣམ་གྲོལ་ཡིད་ཀྱིས་སྨོན་ལམ་འདེབས་པར་བྱེད། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །རྟག་ཏུ་སངས་རྒྱས་མངོན་པར་ཕྲད་འཐོབ་སྟེ། །རྒྱལ་བ་མངོན་སུམ་མཆོད་པ་བྱས་ནས་སུ། །བྱང་ཆུབ་དགའ་བ་འོད་ལྡན་རེག་པར་འགྱུར། །སངས་རྒྱས་ཀྱིས་ནི་ལེགས་གསུངས་ཚིག་ཐོས་ནས། །ཨེ་ར་བ་ན་ཀླུ་ནི་ཡིད་མགུ་སྟེ། །གཞལ་དུ་མེད་པའི་དགའ་བས་སེམས་བདེ་ནས། །དད་པའི་ཡིད་ཀྱིས་སངས་རྒྱས་མངོན་བསྟོད་པ། །མི་འདུལ་ཁ་ལོ་སྒྱུར་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་བདག་གི་སོམ་ཉི་ཐེ་ཚོམ་བསལ། །བྱང་ཆུབ་དོན་དུ་ཡིད་འདི་བསྐྱེད་བགྱི་སྟེ། །སྡུག་བསྔལ་མཐར་བགྱིད་སངས་རྒྱས་འགྱུར་བར་བགྱི། །གང་ཟག་བདག་གིས་ཀླུ་ཡི་བདག་པོ་ཡི། །བསམ་པ་ཐུགས་ཆུད་བྱང་ཆུབ་ལུང་བསྟན་པ། །བསྐལ་པ་བྱེ་བ་བརྒྱད་ཅུ་རྩ་བཞི་རུ། །སྤྱད་པ་སྤྱོད་ནས་དེ་ནས་སངས་རྒྱས་འགྱུར། །མི་མཆོག་མཚན་ནི་ཐམས་ཅད་སྒྲོལ་བ་སྟེ། །སྲོག་ཆགས་བྱེ་བ་སྟོང་ཕྲག་ཐར་བར་བྱེད། །དེ་ཡི་རིང་བསྲེལ་མང་པོར་འགྱུར་བ་སྟེ། །སྐྱེ་བོ་མང་པོ་མཐོ་རིས་འགྲོ་བར་འགྱུར། །ཀླུ་དེ་སྟོན་པའི་གསུང་གིས་དགའ་གྱུར་ནས། །འཇིག་རྟེན་ཕན་མཛད་རྣམ་འདྲེན་མངོན་བསྟོད་པ། །ཁྱོད་ཀྱིས་འགྲོ་བའི་དོན་ནི་རྒྱ་ཆེར་མཛད། །སྡུག་བསྔལ་མཐར་མཛད་སངས་རྒྱས་ཕྱག་འཚལ་ལོ།། །།བམ་པོ་བཅུ་གཉིས་པ། དེ་ནས་ཀླུའི་རྒྱལ་པོ་ཚིབ་པའི་བུས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ།