སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སློབ་དཔོན་གྱི་ལུང་འབོག་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རིམ་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་རིམ་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སློབ་དཔོན་ཤི་བ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རིམ་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་རིམ་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བཟོ་བཙལ་བ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རིམ་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ།། །།བམ་པོ་བཅུ་པ།། །།ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། གསེར་མགར་གྱི་རྨི་ལམ་ན་གསེར་ལ་དཔྱོད་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། །རྨི་ལམ་ན་གསེར་མགར་གྱི་ཤེས་པ་སློབ་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། རྨི་ལམ་ན་གསེར་མགར་གྱི་མིག་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་ཏེ། མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ།