Degé Kangyur volume 47, F.90.a

དེ་ནི་དྲན་པ་ཉེ་བར་གཞག་པ་ཤེས་པ་ནས། དེ་བཞིན་དུ་སྦྱར་ཏེ་ལམ་ཤེས་པ་དང་། རྗེས་སུ་དྲན་པ་ཤེས་པ་དང་། ཞི་གནས་ཤེས་པ་དང་། ལྷག་མཐོང་ཤེས་པ་དང་། རིག་པ་ཤེས་པ་དང་། རྣམ་པར་གྲོལ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཡོངས་སུ་ཤེས་པ་ཤེས་པ་དང་། སྤང་བ་ཤེས་པ་དང་། བསྒོམ་པ་ཤེས་པ་དང་། མངོན་སུམ་དུ་བྱ་བ་ཤེས་པ་དང་། རྫུ་འཕྲུལ་གྱི་རྣམ་པ་ཤེས་པ་དང་། ལྷའི་མིག་ཤེས་པ་དང་། ལྷའི་རྣ་བ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་དང་། རྒྱུ་ཤེས་པ་དང་། འབྲས་བུ་ཤེས་པ་དང་། འཇུག་པ་ཤེས་པ་དང་། ལྡོག་པ་ཤེས་པ་དང་། ཕུང་པོ་ཤེས་པ་དང་། ཁམས་ཤེས་པ་དང་། སྐྱེ་མཆེད་ཤེས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་དང་། དབང་པོ་ཤེས་པ་དང་། སྟོབས་ཤེས་པ་དང་། བདེན་པ་ཤེས་པ་དང་། འཁོར་བ་ཤེས་པ་དང་། མྱ་ངན་ལས་འདས་པ་ཤེས་པ་དང་། དུས་ཤེས་པ་དང་། དུས་མ་ཡིན་པ་ཤེས་པ་དང་། རིག་པ་ཤེས་པ་དང་། མངོན་སུམ་པ་ཤེས་པ་དང་། བཟོད་པ་ཤེས་པ་དང་། རིང་བ་ཤེས་པ་དང་། ཉེ་བ་ཤེས་པ་དང་། འབྱུང་བ་ཤེས་པ་དང་། མི་འབྱུང་བ་ཤེས་པ་དང་། བསྒོམས་པ་ཤེས་པ་དང་། མ་བསྒོམས་པ་ཤེས་པ་དང་། ཟད་པ་ཤེས་པ་དང་། ཀུན་ནས་མནར་སེམས་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། དོན་དམ་པ་ཤེས་པའི་བར་ཏེ། དེ་ལྟར་ན་སངས་རྒྱས་ནི་ཤེས་པ་མཐའ་ཡས་པ་དེ་ལས་ཡོངས་སུ་མི་ཉམ་མོ། །​དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་ཡོངས་སུ་མི་ཉམ་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམ་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཉིད་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་གཞན་ལས་མ་གསན་པར་ཆོས་ཐམས་ཅད་བདག་ཉིད་ཀྱིས་མངོན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2729#UT22084-047-001-2729