Degé Kangyur volume 47, F.89.b

འདི་ལ་དེ་བཞིན་གཤེགས་པས་ལུས་ཀྱི་ལས་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུའི་རྗེས་སུ་འཇུག་པ་ཡིན་ནོ་ཞེས་རབ་ཏུ་མཁྱེན་ཏེ། ལུས་ཀྱི་ལས་གང་དེ་བཞིན་གཤེགས་པའི་སྟོབས་བཅུ་དག་གིས་ཡོངས་སུ་ཤེས་པ་མ་བསྐྱེད་པའམ། མི་གནས་པའམ། མི་འགག་པ་དེ་མེད་དེ། དེ་བཞིན་དུ་ངག་གི་ལས་དང་ཡིད་ཀྱི་ལས་ལ་ཡང་བྱའོ། །​དེ་ལ་ཤེས་པ་དང་། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་རྗེས་སུ་འཇུག་པ་ཤེས་པ་ཞེས་བྱའོ། །​ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་གང་དམིགས་པར་མཛད་པའི་མཁྱེན་པ་དེས། རྣམ་པར་དཔྱོད་པར་མཛད་དེ། བྱམས་པ་དང་ལྡན་པའི་ཐུགས་ཀྱིས་སེམས་ཅན་ལ་དམིགས་པ་གནོད་པ་མེད་པར་འཇིག་རྟེན་གནས་པ་ལ་གཟིགས་པ་ན། ལམ་གོལ་བར་རབ་ཏུ་ཞུགས་པ་སྲིད་པ་དང་། འགྲོ་བ་ཐམས་ཅད་གནོད་པ་དང་། རྒ་བ་དང་། ན་བ་དང་། འཆི་བ་ཡོད་པ་དག་གིས་ཉེན་པར་ཐུགས་སུ་ཆུད་ནས་ཐམས་ཅད་དུ་མཁྱེན་པས་དཔྱོད་པར་མཛད་པ་ནི་ཕུང་པོ་ཀུན་སྤངས་པ་མ་གཏོགས་པར་གཞན་དུ་ཅུང་ཟད་ཀྱང་གནོད་པ་མེད་པར་མ་གཟིགས་ཏེ། དེའི་མཁྱེན་པ་དེས་ཐམས་ཅད་ཀྱི་རྗེས་སུ་འཇུག་གོ། །​གནོད་པ་ཡང་གང་ཀུན་ནས་མནར་སེམས་དང་། གནོད་པ་སྤོང་བའི་ཕྱིར་གནོད་པ་མེད་པ་ཡོངས་སུ་མཁྱེན་ཏོ། །དེ་ལྟར་ན་དེ་བཞིན་གཤེགས་པས་རྗེས་སུ་འཇུག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པས་རྗེས་སུ་འཇུག་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །​ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམ་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དག་ལས་ཡོངས་སུ་མི་ཉམ་མོ། །​ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་ཤེས་པ་གང་ཐུགས་སུ་ཆུད་པ་དེ་ལས་ཡོངས་སུ་མི་ཉམ་སྟེ། འདི་ལྟ་སྟེ། འདོད་ཆགས་སྤང་བ་ཤེས་པ་དང་། ཞེ་སྡང་སྤང་བ་ཤེས་པ་དང་། གཏི་མུག་སྤང་བ་ཤེས་པ་དེ་ལས་ཀྱང་ཡོངས་སུ་མི་ཉམ་མོ། །​ཤེས་པ་གང་ཐུགས་སུ་ཆུད་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2728#UT22084-047-001-2728