Degé Kangyur volume 47, F.71.a

པོའི་རྣམ་པས་ཏེ། རྣམ་པ་དེ་ལྟ་བུ་དཔག་ཏུ་མེད་པ་འབུམ་དེ་དག་གིས་ཤེས་རབ་ཀྱི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་ཤེས་རབ་ཀྱི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ན། དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཤེས་རབ་ཀྱི་དབང་པོ་ནི་སྐྱེད་པའི་ཆོས་ཅན་ཡིན་ལ། སྐྱེད་པའི་ཆོས་ཅན་གང་ཡིན་པ་དེ་ནི་འགོག་པའི་ཆོས་ཅན་ཏེ། ཤེས་རབ་དེ་ཡང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་གྱི་ཕྱིར་སྐྱེས་ཤིང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ནས་འགགས། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ནས་འགགས། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་སྡུག་བསྔལ་ལས་ཡོངས་སུ་ཐར་བར་མཛད་ནས་འགགས། སེམས་ཅན་དཔག་ཏུ་མེད་པ་རྣམས་བདེ་བ་ལ་བཙུད་ནས་འགགས་ཏེ། ཤེས་རབ་ཀྱི་དབང་པོ་རྗེས་སུ་དྲན་པ་ན་ཡང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱེད་པར་འགྱུར། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་མ་ཡིན་པ་བཟློག་པར་འགྱུར་ཞིང་འགགས། ཤེས་རབ་ཀྱི་དབང་པོ་རྗེས་སུ་དྲན་པ་ན་ཡང་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱེད་པར་འགྱུར། སེམས་ཅན་དཔག་ཏུ་མེད་པ་རྣམས་བདེ་བ་ལ་བཙུད་པར་འགྱུར་ཞིང་འགགས་ཏེ། ཤེས་རབ་ཀྱི་དབང་པོ་རྗེས་སུ་དྲན་པ་ན་ཡང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་མུན་པ་སེལ་བར་འགྱུར། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་སྣང་བར་བྱེད་པར་འགྱུར་ཞིང་འགགས། ཤེས་རབ་ཀྱི་དབང་པོ་རྗེས་སུ་དྲན་པ་ན་ཡང་ལམ་གོལ་བ་འགོག་པར་འགྱུར་ཞིང་ལམ་འབྱེད་པར་འགྱུར་ཏེ། འདི་ནི་ཤེས་རབ་ཀྱི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཞེས་བྱའོ། །​དེ་ལ་ཤེས་པ་དང་། མཐོང་བ་དང་། གསལ་བ་དང་། མངོན་པར་རྟོགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2691#UT22084-047-001-2691