Degé Kangyur volume 47, F.28.a

པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་སྣའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པ་སྣའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་མཛད་པའི་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་ལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །​དེ་བཞིན་གཤེགས་པ་སྣའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་བཞིན་དུ་སྦྱར་ཏེ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟངས་ཀྱི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །​ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་དྲིའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་སྣའི་ཡུལ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དྲི་ཞིམ་པ་དང་། དྲི་ང་བ་དང་། དྲི་འདོད་པ་དང་། དྲི་སྡུག་པ་དང་། དྲི་མི་སྡུག་པ་དང་། དྲི་ཡིད་དུ་འོང་བ་དང་། དྲི་ཡིད་དུ་མི་འོང་བ་དང་། དྲི་ཡིད་དུ་འཐད་པ་དང་། དྲི་ཡིད་དུ་མི་འཐད་པ་དང་། དྲིའི་ངོ་བོ་དགའ་བ་དང་། དྲིའི་ངོ་བོ་མི་དགའ་བ་དང་། དྲིའི་ངོ་བོ་ལེགས་པ་དང་། དྲིའི་ངོ་བོ་མི་ལེགས་པ་དང་། སྣོད་ན་ཡོད་པ་དང་། རྩ་བ་ལ་ཡོད་པ་དང་། སྙིང་པོ་ལ་ཡོད་པ་དང་། སྙིང་པོ་མེད་པ་ལ་ཡོད་པ་དང་། ཤུན་པ་ལ་ཡོད་པ་དང་། ངར་བ་ལ་ཡོད་པ་དང་། ལོ་མ་ལ་ཡོད་པ་དང་། མེ་ཏོག་ལ་ཡོད་པ་དང་། འབྲས་བུ་ལ་ཡོད་པའི་དྲི་གང་ཡིན་པ་འདི་ནི་དྲིའི་ཁམས་ཞེས་བྱ་སྟེ། དེ་ལ་ཤེས་པ་དང་། མཐོང་བ་དང་། གསལ་བ་དང་། མངོན་པར་རྟོགས་པ་དང་། ཡང་དག་པར་ཁོང་དུ་ཆུད་པ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2605#UT22084-047-001-2605