Degé Kangyur volume 47, F.110.b

དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམས་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམས་པ་ཤེས་པ་འགོག་པ་ཤེས་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་དུག་བྱིན་པ་ལ་ཡང་དག་པའི་གསོ་བའི་དཔྱད་བྱེད་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་རྩི་སྨན་མཁན་ནད་ལ་མཁས་པ་དང་། ནད་ཀུན་ནས་ལྡང་བ་ལ་མཁས་པ་དང་། ནད་པའི་ཁམས་ལ་མཁས་པ་དང་། སྨན་སྦྱོར་བ་ལ་མཁས་པ་དང་། ཁ་ཟས་ཀྱི་ཆོ་ག་ལ་མཁས་པ་དང་། ཁྲུས་ཀྱི་ཆོ་ག་ལ་མཁས་པ་དང་། བསྐུ་མཉེའི་ཆོ་ག་ལ་མཁས་པ་དང་། རྐང་པས་མཉེ་བའི་ཆོ་ག་ལ་མཁས་པ་དང་། ལག་པས་མཉེ་བའི་ཆོ་ག་ལ་མཁས་པ་དང་། ཉལ་བའི་ཆོ་ག་ལ་མཁས་པ་དང་། སད་པའི་ཆོ་ག་ལ་མཁས་པ་དང་། ལོངས་སྤྱོད་ཀུན་གྱི་ཆོ་ག་ལ་མཁས་པ་དང་། དཔྱད་ཀྱི་སྦྱོར་བ་འཇུག་པ་ལ་མཁས་པ་དང་། དུས་ཤེས། ཚོད་ཤེས། དུས་མིན་ཤེས་ཤིང་སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་རྩི་སྨན་དག་གིས་ནད་ཐམས་ཅད་འཇོམས་པ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྤྲུལ་པའི་གསོ་བའི་དཔྱད་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །​ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2770#UT22084-047-001-2770