དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདྲེན་པ་སྐྱེས་བུ་སེང་གེ་འཆི་འཕོའི་ཚེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲ་བ་ནི། །བག་མེད་མཐའ་དག་རྣམ་པར་སྤོངས་ཞེས་སྨྲ། །ལྷ་ཡི་དགའ་བ་རྣམ་མང་ཇི་སྙེད་པ། །ཡིད་ཀྱིས་བསམས་པས་འབྱུང་བ་དཔལ་ལྡན་པ། །ཐམས་ཅད་ལས་དགེའི་རྒྱུ་ལས་བྱུང་བ་སྟེ། །དེ་ནི་དགེ་བའི་ལས་ཀྱི་འབྲས་བུ་ཡིན། །དེ་ལྟ་བས་ན་བྱས་པ་གཟོ་བར་གྱིས། །སྔོན་གྱི་དགེ་བསགས་འདི་ནི་ཟད་གྱུར་ཏེ། །གང་དུ་མི་བདེ་སྡུག་བསྔལ་མྱོང་འགྱུར་བ། །ངན་སོང་དག་ཏུ་སོང་བར་གྱུར་ཏ་རེ། །ང་ལ་གུས་པར་བྱ་བ་བསྐྱེད་ནས་ནི། །ཆོས་གང་ཐོས་པར་གྱུར་པ་དེ་དག་ལ། །ནན་ཏན་གྱིས་ནི་རབ་ཏུ་སྒྲུབས་ཤིག་དང་། །བདེ་བ་མཐའ་ཡས་ངེས་པར་ཐོབ་པར་འགྱུར། །འདོད་པ་ཐམས་ཅད་མི་རྟག་བརྟན་པ་མིན། །ཐེར་ཟུག་མ་ཡིན་རྨི་ལམ་འདྲ་བ་སྟེ། །སྨིག་རྒྱུ་དང་ནི་སྒྱུ་མ་རྣམས་དང་འདྲ། །གློག་དང་དབུ་བ་འདྲ་ཞིང་འགྱུར་བ་ཡིན། །འདོད་པའི་ཡོན་ཏན་དག་གི་དགའ་བས་ནི། །ལན་ཚྭའི་ཆུ་འཐུངས་བཞིན་དུ་ངོམས་མི་འགྱུར། །གང་དག་རྡུལ་མེད་འཇིག་རྟེན་འདས་པ་ཡི། །ཤེས་རབ་ལྡན་པ་དེ་དག་ངོམས་པར་འགྱུར། །ལྷ་མོ་དག་དང་འགྲོགས་དང་གླུ་དབྱངས་ནི། །གར་གྱི་ལྟད་མོ་པ་དང་མཚུངས་ཤིང་འདྲ། །དཔེར་ན་འདུས་པ་དག་ནི་ཁྲི་ལས་སུ། །ཕན་ཚུན་འགྲོ་བར་སྦྱོར་བར་བྱེད་དང་མཚུངས། །དགེ་བའི་ལས་བྱས་རྗེས་སུ་འབྲང་བྱེད་ཅིང་། །ཕྱི་བཞིན་འགྲོ་བར་བྱེད་པ་མ་གཏོགས་པར། །འདུས་བྱས་དག་ལ་གྲོགས་ཡོད་མ་ཡིན་ཏེ། །མཛའ་བཤེས་ཉེ་དུ་མེད་ཅིང་འཁོར་ཀྱང་མེད། །དེ་ལྟ་བས་ན་ལྷན་ཅིག་འཐུན་བྱོས་ལ། །ཕན་ཚུན་བྱམས་སེམས་ཕན་པའི་སེམས་བྱོས་ཏེ། །ཆོས་ཀྱི་སྤྱད་པ་དག་ནི་སྤྱད་པར་གྱིས། །སྤྱད་པ་ལེགས་པར་སྤྱད་ལ་གདུང་བ་མེད། །ཐོས་དང་ཚུལ་ཁྲིམས་སྦྱིན་ལ་དགའ་གྱུར་ཅིང་། །བཟོད་དང་དེས་པ་ཕུན་སུམ་ཚོགས་ཀྱིས་ཏེ། །སངས་རྒྱས་དང་ནི་ཆོས་དང་དགེ་འདུན་དང་། །དེ་བཞིན་བག་ཡོད་པ་དག་དྲན་པར་གྱིས། །རྟག་པ་མེད་ཅིང་སྡུག་བསྔལ་བདག་མེད་ལ། །རྒྱུ་དང་རྐྱེན་རྣམས་དག་ནི་ལྡན་གྱུར་ཅིང་། །བདག་པོ་མེད་ལ་བེམས་པོར་གྱུར་པ་ཡི། །ཆོས་འདི་དག་ལ་ཚུལ་བཞིན་བརྟག་པར་གྱིས།