Degé Kangyur volume 46, F.81.b

བདག་ཉིད་དག་པ་དེ་འདྲ་མཐོང་ན་བཀྲ་ཤིས་དགེ། །​གང་དག་སྡིག་པའི་གྲོགས་པོ་ཡུན་རིང་ཡོངས་སྤོང་ཞིང་། །​དགེ་བའི་བཤེས་གཉེན་རིན་པོ་ཆེས་ནི་ཡོངས་བཟུང་ལ། །​སྡིག་པ་རྣམ་སྤོང་སངས་རྒྱས་ཆོས་ལ་མངོན་ཆགས་པ། །​དེ་ལྟ་བུ་དག་མཐོང་བ་བཀྲ་ཤིས་འབྲས་བུ་ཡོད། །གང་དག་ལུས་བསྡམས་ལུས་ཀྱི་སྐྱོན་རྣམས་རབ་བསྡམས་དང་། །​གང་དག་ཚིག་བསྡམས་རྟག་ཏུ་ཚིག་འཆལ་མེད་གྱུར་ལ། །​དབང་པོ་སྦས་ཤིང་ཤིན་ཏུ་བསྡམས་ལ་ཡིད་དང་བ། །​དེ་ལྟ་བུ་དག་གདོང་གཡོགས་ཏེ་ནི་ཅི་ཞིག་བྱ། །​གལ་ཏེ་ལུས་ལ་གོས་ནི་སྟོང་གིས་གཡོགས་གྱུར་ཀྱང་། །གང་དག་སེམས་བཤུས་ངོ་ཚ་མེད་ཅིང་ཁྲེལ་མེད་དང་། །​གང་དག་འདི་འདྲའི་ཡོན་ཏན་མེད་ཅིང་བདེན་ཚིག་མེད། །​དེ་དག་སྒྲེན་མོ་བས་ཀྱང་སྒྲེན་མོར་འཇིག་རྟེན་རྒྱུ། །​གང་ཞིག་སེམས་སྦས་རྟག་ཏུ་དབང་པོ་བསྡམས་གྱུར་ཅིང་། །​བདག་གི་ཁྱོས་ཆོག་སེམས་ཅན་གཞན་ལ་མི་སེམས་པ། །དེ་འདྲ་བ་དག་ཉི་ཟླ་བཞིན་དུ་མ་གཡོགས་ས་སྣང་། །​དེ་འདྲ་བ་དག་གདོང་གཡོགས་ཏེ་ནི་ཅི་ཞིག་བྱ། །​གཞན་ཡང་དྲང་སྲོང་བདག་ཉིད་ཆེ་དང་གཞན་སེམས་བློ་མཁས་དང་། །​དེ་བཞིན་ལྷ་ཚོགས་དག་གིས་ཁོ་མོའི་བསམ་པ་དང་། །​ཁོ་མོའི་ཚུལ་ཁྲིམས་ཡོན་ཏན་སྡོམ་དང་བག་ཡོད་མཁྱེན། །​དེ་ལྟ་བས་ན་ཁོ་མོས་གདོང་བཀབ་ཅི་ཞིག་དགོས། །​དགེ་སློང་དག་རྒྱལ་པོ་ཟས་གཙང་མས་ཤཱཀྱའི་བུ་མོ་ས་འཚོ་མའི་སྤོབས་པ་དང་བསྟན་པའི་ཚིགས་སུ་བཅད་པ་རྣམ་པ་འདི་ལྟ་བུ་འདི་ཐོས་སོ། །​ཐོས་ནས་ཀྱང་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། རས་བཅོས་བུ་བཟང་པོ་རིན་པོ་ཆེ་དུ་མས་སྤྲས་པ་ཟུང་གཅིག་དང་། མུ་ཏིག་གི་དོ་ཤལ་སྲང་བྱེ་བ་བརྒྱ་སྟོང་རི་བ་དང་། མུ་ཏིག་དམར་པོ་བཟང་པོས་སྤྲས་པའི་གསེར་གྱི་ཕྲེང་བས་ཤཱཀྱའི་བུ་མོ་ས་འཚོ་མ་ལ་བཀབ་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །​ཁོ་བོའི་བུ་ནི་ཡོན་ཏན་ཅི་འདྲས་བརྒྱན་པ་དང་། །​མནའ་མ་རང་གི་ཡོན་ཏན་ཇི་ལྟར་རབ་སྨྲ་བ། །​སེམས་ཅན་དག་པ་དེ་གཉིས་ཕྲད་པར་གྱུར་པ་ནི། །​མར་དང་མར་གྱི་ཉིང་ཁུ་ཇི་ལྟར་འདྲ་བ་བཞིན། །​སྒྱུ་རྩལ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh95.html?part=UT22084-046-001-4222#UT22084-046-001-4222