སྡིག་པ་རྣམ་པ་དུ་མ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་ཅིང་དགེ་སྦྱོང་གི་དངོས་པོ་དོན་དུ་མི་གཉེར་བ་དག་ཀྱང་འབྱུང་བར་འགྱུར་རོ། །གསོལ་པ་བཅོམ་ལྡན་འདས་འོ་ན་སྐྱེས་བུ་དམ་པ་མ་ལགས་པ་དེ་འདྲ་བ་དེ་དག་གི་འགྲོ་བ་ནི་ཅི་འདྲ་བ་ཞིག་ཏུ་འགྱུར། ཚེ་རབས་འཕོས་ནས་ནི་ཇི་ལྟ་བུ་ཞིག་ཏུ་མཆི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་མེད་པར་བྱས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་སྙན་པས་སྐུར་པ་བཏབ་པའི་འགྲོ་བ་གང་ཡིན་པའི་འགྲོ་བ་དེར་འགྲོ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྤུ་གཡོས་ནས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེས་བུ་དམ་པ་མ་ལགས་པ་དེ་དག་གི་སྤྱོད་པ་འདི་དག་ཐོས་ནས་བདག་ནི་བརྒྱལ་བ་དང་འདྲ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དག་གི་སྤྱོད་པ་ནི་མཉམ་པར་མི་འགྱུར་ཞིང་། སེམས་ཅན་དེ་དག་ནི་མི་མཉམ་པའི་སྤྱོད་པ་ཅན་དུ་འགྱུར་རོ། །ཀུན་དགའ་བོ་དེ་དག་ཚུལ་དང་མི་འདྲ་བའི་སྤྱོད་པ་དེས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། །ཀུན་དགའ་བོ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་མ་མོས་ཤིང་ཡིད་མི་ཆེས་པ་དང་། །སྤོང་བ་དེ་དག་ནི་ཤི་འཕོས་མ་ཐག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ལ་ནི་ཚད་དུ་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ཚད་མེད་ཅིང་ཟབ་ལ་རྒྱ་ཆེ་ཞིང་གཏིང་དཔག་དཀའ་བའོ། །ཀུན་དགའ་བོ་ལ་ལ་ཞིག་གིས་མདོ་སྡེ་འདི་ལྟ་བུ་འདི་དག་ཐོས་ནས་དགའ་བ་དང་། མཆོག་ཏུ་དགའ་བ་དང་། །དད་པ་སྐྱེ་བའི་སེམས་ཅན་དེ་དག་གིས་ནི་ཐོབ་པ་ལེགས་པར་ཐོབ་པ་ཡིན་ཏེ། དེ་དག་གི་འཚོ་བ་ནི་དོན་ཡོད་པའོ། །དེ་དག་གི་མིའི་དངོས་པོ་ནི་དོན་ཡོད་པའོ། །དེ་དག་གི་སྤྱོད་པ་ལེགས་པར་སྤྱད་པའོ། །དེ་དག་གིས་ནི་སྙིང་པོ་བླངས་སོ། །དེ་དག་ནི་ངན་སོང་གསུམ་ལས་གྲོལ་བའོ། །དེ་དག་ནི་དེ་བཞིན་གཤེགས་པའི་སྲས་སུ་འགྱུར་རོ།