བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་རི་དགས་དང་། བྱ་རྣམས་ཀྱི་རྣ་ཁུང་དུ་སྒྲོག་པར་བྱེད་ན། དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་བོ། །འདི་ཐོས་པ་ཙམ་གྱིས་ནམ་དུ་ཡང་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །ངན་སོང་གི་དྲི་མས་མི་གོས་སོ། །མའི་མངལ་དུ་ཡང་མི་སྐྱེའོ། །ལྷའི་བསྐལ་པ་སྟོང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་རོ། །ཇི་ལྟར་བསམས་ཤིང་དོན་དུ་གཉེར་བའི་ལོངས་སྤྱོད་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་དེ་བསྐྱུད་པར་མི་བགྱི་ལགས་སོ། །ངེས་པར་བདག་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ནས། དེ་ཇི་ལྟར་གྱུར་ཀྱང་རུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ། །འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། བོད་ཀྱི་ལོཙྪ་བ། དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨཱ་པ་ར་ཎ་བི་སྐཾ་བྷི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྒྲིབ་པ་རྣམ་པར་སེལ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས་འཕགས་པ་སྒྲིབ་པ་རྣམ་པར་སེལ་བའི་གཟུངས་འདི་བརྗོད་པར་བྱའོ། །འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲིབ་པ་རྣམ་པར་སེལ་བའི་སྙིང་པོ་འདི་ལན་བདུན་བརྗོད་ན། ལུས་བརྒྱུད་པའི་སྡིག་པ་ཐམས་ཅད་འབྱང་ཞིང་འཆི་བའི་དུས་སུ་བདེ་བ་ཉིད་དུ་དུས་བྱེད་པར་འགྱུར་རོ། །ཨོཾ་ཤྭེ་ཏ་ཝ་ར་བི་ཛ་ལི་ནེ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་རྣམ་པར་སེལ་བའི་སྙིང་པོ་འདི་ཉིན་ལན་བདུན་མཚན་ལན་བདུན་བརྗོད་ན་ལས་བརྒྱུད་མར་བསགས་པའི་སྡིག་པ་ཐམས་ཅད་འབྱང་ཞིང་འཆི་བའི་དུས་སུ་གནད་གཅོད་པའི་སྡུག་བསྔལ་དྲག་པོ་མི་འབྱུང་ངོ་།