།དེ་ལ་མཐའ་ནི་མ་མཆིས་སོ། །བྱང་ཆུབ་སེམས་ནི་ཅི་འདྲ་བ། །དྲང་སྲོང་མཆོག་གིས་བསྟན་མཛད་པའི། །དེ་འདྲའི་མཆོད་པ་གཞན་མ་མཆིས། །དཔལ་ཡང་གཞན་ནི་མཆིས་མ་ལགས། །སྨན་གྱི་དམ་པ་ནད་མ་མཆིས། །བྱང་ཆུབ་སེམས་ནི་ཡོན་ཏན་ལྡན། །ནད་ཀུན་རབ་ཏུ་ཞི་བར་བགྱིད། །སེམས་ཅན་ཐམས་ཅད་བདེ་བར་བགྱིད། །མེ་གསུམ་དག་གིས་གདུངས་པ་ཡི། །སེམས་ཅན་སྡུག་བསྔལ་མཐོང་ནས་ནི། །བསྐལ་པ་དཔག་ཏུ་མེད་པར་སྤྱོད། །མཁས་རྣམས་སྐྱོ་བར་ཡང་མི་འགྱུར། །གང་དག་བྱང་ཆུབ་སྤྱད་སྤྱོད་པ། །དཔའ་བོ་སྨན་པའི་རྒྱལ་པོ་འདྲ། །དེ་དག་སེམས་ཅན་སྡུག་བསྔལ་སྐྱོབ། །སྐྱོ་བ་རྟག་ཏུ་རྣམ་པར་སྤངས། །དཔའ་བོ་སངས་རྒྱས་ཆོས་འཚལ་བ། །འགྲོ་བའི་སྐྱེ་བ་ཐམས་ཅད་དུ། །སེམས་དེ་འདོར་བར་མི་བགྱིད་ཅིང་། །དེ་དག་བརྟུལ་ཞུགས་དེ་ཡང་སྟོན། །སེམས་འདི་ལ་ནི་གང་དགའ་བ། །ཤཱཀྱ་སེང་གེ་མི་ཡི་མཆོག །སངས་རྒྱས་ཅི་འདྲ་དེ་འདྲར་འགྱུར། །བདག་ཅག་རྙེད་པ་ལེགས་པར་རྙེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་འཕྲོ་བ་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་བྱུང་བ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་སྟེ། འོད་དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་བྱུང་སྟེ་ཉི་ཟླ་རྣམས་ཀྱི་གཟི་བརྗིད་ཟད་པར་བྱས་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།