།དྲི་མནམས་པ་ཙམ་གྱིས་མྱུར་དུ་སངས་རྒྱས་ཉིད་ཐོབ་བོ་ཞེས་སོ། །སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །སྡུག་བསྔལ་ཐམས་ཅད་ལྡོག་བྱེད་པའི། །རྫས་ཀྱི་མིང་རྣམས་བཤད་བྱ་ཡི། །ལྷ་དང་མི་རྣམས་མཉན་པར་གྱིས། །ཨ་ག་རུ་དང་རྒྱ་སྤོས་ཉིད། །དེ་བཞིན་ཙནྡན་སེར་མོར་བཅས། །སྤྲྀ་ཀ་ཉིད་དང་གི་ཝང་དང་། །ཀུན་ཏུ་རུ་བཅས་མ་ཧེའི་མིག །རོ་དང་སྲ་རྩི་པོག་ཉིད་དང་། །དེ་བཞིན་གུར་གུམ་ན་ལནྡ། །ཨ་རུ་ར་བཅས་དཔལ་བསྐོར་བ། །སཱ་མ་ཀཾ་དང་སྤང་སྤོས་བཅས། །པྲི་ཡང་ཀུ་བཅས་ཏུ་རུ་སྐ། །ཀ་ཡསྠ་དང་བ་ཡསྠ། །ན་མེ་རུ་དང་གླ་སྒང་བཅས། །རུ་རྟ་ཨ་ག་རུ་ནག་ཉིད། །ག་པུར་དང་ནི་གླ་རྩི་ཉིད། །ལངྐ་གསེར་ཤིང་འབྲས་བུ་དང་། །ཨརྒའི་འོ་མ་གསེར་འོ་མ། །སྣུ་ཧའི་འོ་མ་ཉིད་དང་ནི། །ཐོད་པ་སྐལ་བ་ལྡན་ཉིད་དང་། །སོ་མ་རཱ་ཛ་ཁྱབ་འཇུག་གནོན། །ཤིང་དགའ་རྒྱལ་དང་རྣམ་རྒྱལ་ཉིད། །ནཱ་ཀུ་ལཱི་དྲི་ནཱ་ཀུ་ལཱི། །ཚངས་པའི་བུ་དང་ཀུ་མུ་དང་། །པདྨའི་ཆུ་བ་སྦྲང་རྩི་དང་། །བུ་རམ་དཀར་པོའི་ཁུ་བ་དང་། །འདི་རྣམས་ལྷན་ཅིག་སྦྱར་བ་ཡི། །བདུག་པའི་མཆོག་འདི་བསྒྲུབ་པར་བྱ། །མཁས་པས་ལེགས་པར་ཁྲུས་བྱས་ཏེ། །གཙང་མས་གཙང་མའི་གོས་བགོས་ཤིང་། །ཟླ་བ་ཉ་འམ་བཅུ་བཞི་ལ། །བཅུ་གསུམ་པའམ་ཚེས་བརྒྱད་ལ། །རྟག་ཏུ་སྦྱར་བྱ་ཉིན་མཚན་གཟུང་། །སྔགས་ལ་མཁས་པས་བདུག་སྤོས་འདི། །སོ་སོ་སོ་སོར་ཀུན་སྦྱར་ནས། ཕྱག་རྒྱ་དཀྱིལ་འཁོར་གསང་སྔགས་དང་། །མེ་ཏོག་བདུག་སྤོས་དྲི་རྒྱ་ཆེན། །མཆོད་པའི་ཆོ་ག་འདི་ཡིས་དང་། །གཏོར་མའི་ལས་ལ་མཁས་པ་དང་། །མཆོད་ཡོན་སྣོད་ནི་གང་བ་དང་། །མགོ་ལའང་དྲི་དང་ཏིལ་མར་གྱི། །མར་མེ་ལེགས་གྲུ་གནས་སུ་ནི། །ལེགས་སྦས་གཙང་མར་གནས་དེ་སྒྲུབ། །ལེགས་སྦས་གཙང་མར་གནས་པ་ཡི། །སློབ་མ་མཆོག་གི་གྲོགས་ཀྱིས་ནི། །དོན་ཡོད་ཞགས་པའི་སྤྱན་སྔ་རུ། །འདུག་ནས་ཡོངས་སུ་དག་པའི་ལུས། །སྡོམ་དང་བྱམས་པའི་སེམས་གཞག་ནས། །སེམས་ཅན་ཀུན་ལ་སྙིང་རྗེའི་བདག །སངས་རྒྱས་རྗེས་སུ་དྲན་སྒོམ་ཞིང་། །གསང་སྔགས་བཟླས་པ་མཆོག་གྱིས་ཤིག །