དགྲའི་ཡུལ་དུ་བསྐྱལ་ཏེ་སྔགས་བཟློག་ནས་བཟླས་པས་འབབ་བོ། །གལ་ཏེ་མ་བབས་ན་ཚོགས་ཀྱི་བདག་པོའི་སྐུ་དབུ་ཐུར་ལ་བསྟན། ཞབས་གྱེན་ལ་བསྟན་པ་དགྲ་བོའི་ཡུལ་གྱི་དབུས་སུ་སྦའོ། །མོད་ལ་སེར་བ་འབབ་སྟེ། བྱ་ཀ་ལནྡ་ཀའི་སྒོ་ང་ཙམ་དང་། དབྱིབས་དམར་པོ་ཤ་བའི་རླིག་འབྲས་ཙམ་པ་ཡུན་རིང་པོར་འབབ་བོ། །ལོ་ཏོག་འཇོམས་པའི་སྔགས་ནི་བྲུྃ་ཞེས་པས་བྱའོ། །དེ་གཅོད་པར་འདོད་ན་ནི་སྐུ་དང་ཀ་ཀི་མ་ཕྱུང་བ་ལ་ཉི་མ་རེ་རེར་འབབ་པས་དབྱུང་བར་བྱའོ། །ཚོགས་ཀྱི་བདག་པོའི་སྐུ་ལ་མཆོད་པ་འབུལ་བར་བྱའོ། །གསང་སྔགས་ཀྱང་དབུ་ཞབས་མ་ནོར་བར་རིན་པོ་ཆེའི་ཕྲེང་བ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །སྐུ་ཁྲུས་གསོལ་བ་བདག་གི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་སུ་གསོལ་ལོ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཚོགས་ཀྱི་བདག་པོས་བྱེད་པ་ཡིན། །ཕྱག་འཚལ་དཔལ་ལྡན་ཚོགས་བདག་དགྱེས། །ཕྱག་འཚལ་དཔལ་ལྡན་ཚོགས་བདག་ཆེ། །ཕྱག་འཚལ་དཔལ་ལྡན་ཞི་ཁྲོ་ཆེ། །དངོས་གྲུབ་འབྱུང་བའི་རྒྱུད་ལས་ཚོགས་ཀྱི་བདག་པོ་ལ་བསྟོད་པའི་ལེའུ་སྟེ་བཅྭ་ལྔ་པའོ།། །།ཚོགས་ཀྱི་བདག་པོའི་རྒྱུད་དངོས་གྲུབ་འབྱུང་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱིཛྙཱ་ནས། འཇིག་རྟེན་དངོས་གྲུབ་ཆེད་དུ་ནི། །རྒྱ་གར་ཡུལ་ནས་བསྣམས་ནས་བྱོན། །རྒྱལ་བའི་འབྱུང་གནས་གཏད་པ་ཡིན། །རྒྱུད་འདི་བསམ་པ་འགྲུབ་པ་ཡིན།། །།༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཏནྟྲ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་རྒྱུད། དབང་གི་རྟ་མཆོག་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཤར་ལྷོའི་དུར་ཁྲོད་ཆེན་པོ་ཧ་ཧ་དྲག་ཏུ་རྒོད་པའི་གནས་ཤིང་ཙནྡན་གྱི་ནགས་ཚལ་རབ་ཏུ་དགའ་བའི་མིང་ཞེས་བྱ་བ་མི་མ་ཡིན་ཕོ་མོ་མང་པོ་འདུས་པའི་ཕོ་བྲང་དུ། དཔལ་ནག་པོ་ཆེན་པོ་ཞེས་བྱ་བ་བི་ནཱ་ཡ་ཀ་ལ་སོགས་ཏེ། དེའི་ཚེ་འཁོར་གདུག་པ་ཅན་རྣམས་ཀྱི་དབུས་ན། སྐྱེ་འགྲོ་སེམས་ཅན་རྣམས་ཀྱི་སྲོག་དབུགས་ལ་དབང་བྱེད་པའི་ནག་པོ་ཆེན་པོ་ཞེས་བྱ་བ་ཅིག་ཡོད་དེ།