དེ་དག་ཐམས་ཅད་ཀྱིས་ཨོཾ་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བའི་སྒྲ་འབྱིན་པར་བྱེད་ལ། སེམས་ཅན་དེ་དག་ཀྱང་བསམ་པ་ཡོངས་སུ་དག་པར་འགྱུར་ཏེ། བྲམ་ཟེའི་གཟི་བརྗིད་དང་ལྡན་པར་འགྱུར་རོ། །རྟག་ཏུ་ཚངས་པར་སྤྱོད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་གི་དགེ་བའི་རྩ་བ་དང་ལྡན་པར་ཡང་འགྱུར་རོ། །རྟག་ཏུ་དགྲ་ཐམས་ཅད་ཤིག་པར་འགྱུར་རོ། །མེ་ཏོག་གམ། བདུག་པའམ། སྤོས་སམ། ཟས་དང་། སྐོམ་གྱི་ཡོ་བྱད་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དབུལ་བར་བྱའོ། །དེ་ལྟར་བྱས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་མ་དེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ལྷའི་མཆོད་པ་དང་དེ་བཞིན་གཤེགས་པའི་མཆོད་པའི་མཆོག་གིས་མཆོད་པ་བྱས་པར་འགྱུར་རོ། །བླ་མར་བྱས། རི་མོར་བྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཤིང་ལུང་བསྟན་པ་དང་། ལྷ་ཐམས་ཅད་ཀྱིས་ཀུན་དུ་བསྲུང་བར་ཡང་འགྱུར་རོ། །ཀུན་དགའ་བོ་སོང་ལ་ངོ་ལོན་ཡང་གྱིས་ཤིག །སེམས་ཅན་ཐམས་ཅད་ལ་ཡང་ཡང་དག་པར་སྟོན་ཅིག །དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཀྱང་གྱིས་ཤིག་ཅེས་ང་སྨྲའོ། །ཡི་དགས་མོ་ཁ་འབར་མ་དབུགས་དབྱུང་བའི་གཏོར་མའི་ཆོ་ག་རྫོགས་སོ།། །།༄༅། །བོད་སྐད་དུ། འཇུར་འགེགས་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སེར་སྣ་ལས་ཆེར་ལྷག་པ། གཞན་གྱི་ལ་འཇུར་འགེགས་བྱས་པའི་ཉེས་པའི་འབྲས་བུ་འདི་ལྟ་སྟེ། འཕགས་པ་ཤྭ་རིའི་བུ་དང་། འཕགས་པ་མཽད་གལ་གྱི་བུ་གཉིས་བས་མཐའ་ཅིག་ན། སོ་སོར་རྟོག་པའི་ཤེས་རབ་ཡིད་ལ་བྱེད་ཅིང་ཡོད་པ་ལས། ཉི་མའི་གུང་ལ་གཉིས་པོས་ཁམས་སེང་དུ་མཆིས་པའི་ས་ན་ཡི་དགས་མོ་ལུས་སྔོ་ལ་སྐམ་པ། ཁོག་ཁོག་ཟེར་བ། སྐྲ་འཛིངས་པ། མིག་དམར་ལ་གཡོན་དུ་ཡོ་བ།