ཚིག་གཞན་མི་སྨྲ་བའི་དམ་བཅའ་འཛིན་པའི་ཆོས་སྨྲ་བ་རྣམས་ཀྱིས་གཟུངས་འདི་བཀླག་པར་བྱའོ། །ལན་རེ་རེ་ཞིང་མཆོད་རྟེན་གྱི་དབུར་མཆོད་ཅིང་རབ་ཏུ་གནས་པར་བྱའོ། །སྟོང་ཕྲག་གཅིག་ཏུ་ཀློག་པས་དབུས་ཀྱི་མཆོད་རྟེན་གྱི་དབུར་ལག་པ་བསྐྱོད་ཅིང་མཆོད་པར་བྱའོ། །མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དང་། ལྷ་བཤོས་ལ་སོགས་པ་མཆོད་པ་ཐམས་ཅད་སྟོང་ཕྲག་སོ་སོར་མཆོད་རྟེན་གྱི་ཕྲེང་བའི་རྣམ་པར་བྱས་ནས་མཆོད་པ་བྱའོ། །ཇི་སྲིད་ཡོངས་སུ་མ་རྫོགས་པ་དེ་སྲིད་དུ་མར་མེའི་ཕྲེང་བ་རླུང་གིས་མི་ཉམས་པ་སྦར་བར་བྱའོ། །མཉམ་པར་གཞག་ཅིང་གཙང་སྦྲས་རབ་ཏུ་འཇུག་པར་བྱའོ། །དེ་ལྟར་བྱས་ན་ཞག་བདུན་པའི་ཚེ་ལོ་བདུན་དུ་འཚོ་བར་འགྱུར་རོ། །ལོ་བདུན་པའི་ཚེ་ནི་དེ་ལྟར་ཚེ་མཆོག་འཐོབ་ཅིང་ནད་ལས་རྣམ་པར་གྲོལ་ནས་ལོ་བརྒྱར་འཚོ་བར་འགྱུར་རོ། །དུས་མ་ཡིན་པའི་འཆི་བ་ཡང་ཐམས་ཅད་དུ་རྙེད་པར་མི་འགྱུར་རོ། །དེ་ལྟ་བུའི་ཉེ་བར་སྤྱོད་པའི་རིམ་པ་ལས་གཞན་དུ་བྱས་ན་དེ་ཡིས་འགྲུབ་པ་མ་ཡིན་ནོ། །རབ་ཏུ་བྱེད་པ་དང་པོའོ།། །།རྟོག་པ་འདི་ཡང་དག་པའི་དགེ་བའི་བཤེས་གཉེན་སྡོམ་བརྩོན་དམ་པ་འདུལ་བའི་གཙུག་ལག་ལ་ཟླ་མེད་པར་སྨྲ་བ་ནེའུ་མཁན་པོའི་གསུང་བཞིན་དུ། མང་དུ་ཐོས་པའི་ལོཙྪ་བ་གནས་བརྟན་དཔལ་ཉི་མ་རྒྱལ་མཚན་བཟང་པོས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་དུ་རང་གིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ས་མནྟ་མུ་ཁ་པྲ་བེ་ཤ་རཤྨི་བི་མ་ལོཥྞཱི་ཥ་པྲ་བྷཱ་ས་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ས་མ་ཡ་བི་ལོ་ཀི་ཏེ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དགའ་ལྡན་གྱི་ལྷའི་གནས་ན། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཞམ་རིང་བ་ལྷའི་ཚོགས་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། འཁོར་མང་པོ་ཚོགས་པ་ལ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་སྟོན་པར་མཛད་དེ།