Degé Kangyur volume 90, F.86.a

བསྲུང་བའི་མདོ་སྡེ་དམ་པ་ལགས། །​ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །​ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །​ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། །​དེ་ཉིད་དུ་ནི་མི་སྣང་གྱུར། །​དེ་ནས་བཅོམ་ལྡན་འདས་ནུབ་ཁའི་དུས་ཀྱི་ཚེ། ནང་དུ་ཡང་དག་འཇོག་ལས་བཞེངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ་སྡེ་ལོང་ཤིག །​ཆོངས་ཤིག །​ལྷོགས་ཤིག །​སྟོན་ཅིག །​ཀུན་ཆུབ་པར་གྱིས་ཤིག་དང་། དེ་ལྷ་དང་བཅས་པའི་འཇིག་རྟེན་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བ་དང་། བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །​དགེ་སློང་དག་ངའི་དགེ་སློང་གང་ལ་ལ་ཞིག་གིས་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདིས་ཤིང་སྐམ་པོ་ལ་སྐུད་པས་བཅིངས་ན་དེ་ལ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་རྣམས་སྐྱེ་བར་འགྱུར་ན། རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །​དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་དགེ་སློང་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ཆེན་པོ་ལྔ་གསུངས་པ་དེ་དག་ནི་འདི་ལྟ་སྟེ། སྟོང་ཆེན་པོ་རབ་ཏུ་འཇོམས་པ་དང་། རྨ་བྱ་ཆེན་མོ་དང་། བསིལ་བའི་ཚལ་ཆེན་མོ་དང་། སོ་སོར་འབྲང་བ་ཆེན་མོ་དང་། གསང་སྔགས་ཀྱི་རྗེས་སུ་འབྲང་བ་ཆེན་མོ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་ཀྱིས་དེ་དག་ཟས་རྣམ་པ་ལྔ་ཡོངས་སུ་སྤངས་ལ་ཆོངས་ཤིག་ཅེས་ཀྱང་བཀའ་སྩལ་ལ། ཟས་བསོད་སྙོམས་ལ་བརྟེན་ཏེ་རབ་ཏུ་བྱུང་ཤིག་ཅེས་ཀྱང་གསུངས་ན། བཅོམ་ལྡན་འདས་ཟས་རྣམ་པ་ལྔ་དང་མ་འདྲེས་པའི་བསོད་སྙོམས་ནི་ཉུང་། འདི་ལྟར་ཟས་རྣམ་པ་ལྔ་དང་འདྲེས་པ་དེ་ནི་མང་ལགས་ན། བཙུན་པ་བཅོམ་ལྡན་འདས་དེ་ལ་བདག་ཅག་གིས་ཇི་ལྟར་ནན་ཏན་དུ་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​དགེ་སློང་དག་དེ་ཉིད་ཀྱི་ཕྱིར་སུ་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་འཆང་བ་དེས། རྨ་མེད་པའི་ནོར་བུའི་གཟུངས་ཞེས་བྱ་བ་དེ་བདག་ཉིད་བསྲུང་བར་བྱ་བའི་ཕྱིར་ཆོངས་ཤིག །​དེས་བསོད་སྙོམས་ལེན་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh558.html?part=UT22084-090-002-838#UT22084-090-002-838