།དེ་ནས་གསུད་ནད་ཀྱིས་བཏབ་སྟེ། །དུས་བྱས་ནས་ནི་ལྷ་གནས་འགྲོ། །བློ་ལྡན་དེ་ནི་མཐར་གྱིས་སུ། །མྱུར་དུ་བྱང་ཆུབ་གཞོལ་བར་འགྱུར། །དེ་ཡི་ལྷག་མའི་རྒྱུད་ལས་ཀྱང་། །གཞན་ལ་རབ་གནས་འཚོ་བྱེད་པ། །དེ་ཡི་འོག་ཏུ་ས་སྐྱོང་བ། །ས་སྲུང་འཚོ་བས་གནས་པ་ཡིན། །བྲམ་ཟེ་བཀྲེན་པའི་སྐྱེ་བོ་ནི། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །དེ་ཡི་དུས་སུ་ཆོས་མིན་ལྡན། །སྟོན་པའི་བསྟན་པ་ངེས་པར་ཉམས། །སྔགས་ཀྱི་བསྟན་པས་སེམས་ཅན་རྣམས། །དགེ་བའི་དོན་དུ་ངེས་པར་སྦྱོར། །གང་ཞིག་གཞོན་ནུས་བསྟན་པ་ཡི། །སྔགས་ནི་ལོངས་སྤྱོད་འཕེལ་བྱེད་པ། །རྒྱལ་པོའི་དབང་ཕྱུག་དོན་དུ་ནི། །དེ་ཚེ་དེའི་ཡུལ་ཕྱོགས་སུ་ཡང་། །གྲུབ་པ་མཆོག་ནི་བསྒྲུབ་བྱ་མིན། །ཆོས་ཀྱི་འཁོར་ལོ་ཉམས་དགའ་དང་། །དེ་བཞིན་འོད་མའི་ཚལ་ཆེན་དང་། །གང་དུ་བཅོམ་ལྡན་དེ་ཞི་བར། །ཕུང་པོ་མེད་པར་རབ་ཞུགས་པ། །སྔགས་གཉིས་འདི་དག་བསྒྲུབ་བྱ་བ། །ལྷ་མོ་སྒྲོལ་མ་ཁྲོ་གཉེར་ཅན། །རྟག་ཏུ་རྒྱ་མཚོའི་འགྲམ་དང་ནི། །སྙིང་པོ་མེད་པའི་འབབ་ཆུ་མཆོག །གང་གཱའི་འགྲམ་ནི་ཐམས་ཅད་དུ། །པདྨ་འབྱུང་བ་བསྒྲུབ་པར་བྱ། །ས་བཅུ་ཐོབ་པའི་བདག་པོ་ནི། །གང་ཡང་བྱང་ཆུབ་སེམས་དེ་ཡང་། །སེམས་ཅན་རྣམས་ནི་འདུལ་བྱེད་པ། །ཟླ་བ་ཞེས་ནི་རྣམ་པར་བསྒྲགས། །རིག་པའི་རྒྱལ་མོ་རྫུ་འཕྲུལ་ཆེ། །དེ་ནི་སྒྲོལ་མ་ཞེས་ཀྱང་བསྟན། །བུད་མེད་གཟུགས་འཆང་ལྷ་མོ་ནི། །འགྲོ་བ་ཀུན་ཏུ་རྣམ་པར་རྒྱུ། །སྙིང་རྗེས་བརླན་པའི་སེམས་ཀྱིས་ནི། །སེམས་ཅན་རྣམས་ལ་ཕན་དོན་དུ། །མི་མཇེད་འཇིག་རྟེན་ཁམས་གནས་ནས། །བུད་མེད་མིང་གིས་འཇུག་པར་བྱེད། །ས་བཅུ་ལ་ནི་རབ་གནས་ཐོབ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །སེམས་ཅན་རྣམས་ནི་འདུལ་བྱེད་པ། །ལྷ་མོ་སྒྲོལ་མ་ཞེས་སུ་བསྟན། །འདི་ནི་འབད་མེད་གྲུབ་པ་སྟེ། །སྲུང་དང་སྐྱོབ་དང་སྦེད་པར་བྱེད། །ལོངས་སྤྱོད་དབང་ཕྱུག་འཕེལ་བྱེད་པས། །འདི་ནི་ལྷ་མོ་བསྒྲུབ་པར་བྱ། །བྱང་ཆུབ་ཚོགས་ཀྱི་ཆེད་དུ་ནི། །སྐྱེད་པ་ཉིད་ནས་བརྩམ་པར་བྱ། །སྙིང་རྗེས་བརླན་པས་ལུས་ཅན་ལ། །དེ་ཚེ་ལྷ་མོ་རྗེས་འབྲང་བ། །སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་ལ། །བྱང་ཆུབ་ཚོགས་ནི་བྱ་ཕྱིར་རོ།