Degé Kangyur volume 88, F.101.a

༄༅། །​རྒྱ་གར་སྐད་དུ། སུ་རཱུ་པ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། སུ་རཱུ་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​ནམཿསུ་རཱུ་པཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུ་རུ་སུ་རུ། པྲ་སུ་རུ་པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། སྨ་ར་སྨ་ར། སནྟརྤ་ཡ་སནྟརྤ་ཡ། སརྦ་པྲེ་ཏཱ་ནཱཾ་སྭཱ་ཧཱ། གཟུངས་འདིས་ཆུ་དང་བཅས་པའི་ཟན་ལ་ལན་བདུན་ཡོངས་སུ་བཟླས་ཏེ་ལག་པ་གཡོན་པས་སེ་གོལ་གྱི་སྒྲ་ལན་གསུམ་དུ་བྱས་ནས་ཡི་དགས་ཐམས་ཅད་ལ་དབེན་པའི་ས་ཕྱོགས་སུ་སྦྱིན་པར་བྱ་ཞིང་། འདི་སྐད་ཀྱང་བརྗོད་པར་བྱ་སྟེ། སྐབས་ཚོལ་བ་དང་གླགས་ལྟ་བ་རྣམས་དེངས་ཤིག །​འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ཡི་དགས་རྣམས་ལ་བཟའ་བ་འདི་བདག་གིས་སྦྱིན་པར་བགྱིའོ་ཞེས་པའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh540.html?part=UT22084-088-035-105#UT22084-088-035-105