ཉི་མ་རྣམས་ཀྱིས་ཡོངས་སུ་ཟིན་པ་ཡིན་ནོ་སྙམ་དུ་ཤེས་པ་ཁོ་ནར་བྱ་སྟེ། འདི་ལ་སོམ་ཉིའམ་ཡིད་གཉིས་བསྐྱེད་པར་མི་བྱའོ། །ཏདྱ་ཐཱ། དྷུ་ན་ཊི་དྷུ་ན་ཊི། མ་ཧཱ་དྷུ་ན་ཊི། སུ་རུ་སུ་རུ་སྭཱ་ཧཱ། ཤུཀླ་བི་ཤོ་དྷ་ནི། ཏ་ར་ཏ་ར་སྭཱ་ཧཱ། ཛྱོ་ཏིཥྤྲ་དཱི་པེ། ཏུ་རུ་ཏུ་རུ་སྭཱ་ཧཱ། པདྨ་མཱ་ལི་ནི། སཏྱ་ཏ་ར་བུདྡྷི། ཧུ་རུ་ཧུ་རུ་སྭཱ་ཧཱ། སཏྱ་བུདྡྷི། སཏྱ་ཨ་བ་ལོ་ཀི་ནི། ཀ་ར་ཀ་ར། ཀི་རི་ཀི་རི་སྭཱ་ཧཱ། དྷ་ར་ན་པུ་ཊི་ཨ་པྲ་ཏི་ཧ་ཏ་བུདྡྷི། ཙུ་རུ་ཙུ་རུ་སྭཱ་ཧཱ། ལཀྵ་ཎི་ཙི་ཏེ། དྷཱུ་མ་པ་རི། ཧ་རེ། ཧུ་རུ་ཧུ་རུ། ཁུ་རུ་ཁུ་རུ་སྭཱ་ཧཱ། དྷ་ར་དྷ་ར། མཱ་དྷ་ར། དྷ་ར་དྷ་ར། དྷ་ར་ཡནྟི་ཡེ་སྭཱ་ཧཱ། སུ་པྲ་ཏི། སུ་མ་ཏི། ཨ་པྲ་ཏི་ཧ་ཏ། བུདྡྷི། དྷ་ར་དྷ་ར། དྷ་ར་ཡནྟི་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་ཏ་ལ་ལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་གྱི་འོད་བརྩེགས་སྣང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདེན་གསུང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པའི་སྒྲ་སྒྲོགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྭཱ་ཧཱ། འཕགས་པ་ཡེ་ཤེས་ཏ་ལ་ལ་ཞེས་བྱ་བའི་གཟུངས་འགྲོ་བ་ཐམས་ཅད་ཡོངས་སུ་སྦྱོང་བ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་མ་ཧཱིནྡྲ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སའི་དབང་པོ་ཆེན་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་གནས་ལྷ་དང་ལྡན་པ་ན་བཞུགས་ཏེ། དེ་ནས་བྲམ་ཟེ་སའི་དབང་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེ་སའི་དབང་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་འོད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ལགས་ན། གང་གིས་བདག་སྐྱེ་བ་དྲན་པར་འགྱུར། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་བའི་ཐབས་དེ་བཅོམ་ལྡན་འདས་ཀྱིས་བདག་ལ་ལེགས་པར་བཤད་དུ་གསོལ།