།དེ་ནས་བཅོམ་ལྡན་འདས་མི་གཡོ་བ་ནག་པོ་ལ་བཅོམ་ལྡན་འདས་མ་ཞེ་སྡང་རྡོ་རྗེ་མས་དམ་དུ་འཁྱུད་ནས་ཙུམ་པར་མཛད་དེ་གསོལ་བ་བཏབ་པ་དང་། ལྷ་མོ་ལྷ་མོ་དགའ་ཆེན་མོ། །གསང་བ་ཤིན་ཏུའང་རྙེད་དཀའ་བ། །སྙིང་པོ་ལས་སྙིང་མཆོག་གི་གཙོ། །སངས་རྒྱས་ཀུན་གྱིས་ལེགས་གསུངས་པ། །རྒྱུད་ཀྱི་རྒྱལ་པོ་དབང་ཕྱུག་མཆོག །དགའ་མ་རྒྱུད་ཆེན་མཉན་པར་གྱིས། །དབང་པོ་གཅིག་པུ་ཞེས་བྱ་བས། །སེམས་ཅན་དངོས་གྲུབ་མྱུར་དུ་འགྲུབ། །དཀྱིལ་འཁོར་མ་མཐོང་བ་རྣམས་ལ། །རྒྱུད་འདི་རབ་ཏུ་བསྟན་མི་བྱ། །དཀྱིལ་འཁོར་གཞན་དུ་ཞུགས་པ་ལའང་། །རྒྱུད་འདི་བསྟན་པར་མི་བྱའོ། །གང་ཞིག་གཏུམ་པོ་ཁྲོ་བོ་ཡི། །དཀྱིལ་འཁོར་རབ་ཞུགས་མཉམ་གཞག་ཅིང་། །དད་དང་བརྩོན་འགྲུས་མཆོག་ལྡན་ལ། །གཏུམ་པོའི་རྒྱུད་འདི་བསྟན་པར་བྱ། །བླ་མ་ལ་གུས་སྙིང་རྗེ་ཅན། །སྔགས་ཀྱི་ཐེག་པར་མཆོག་ཏུ་གཞོལ། །གཏུམ་པོའི་དབང་ཕྱུག་ལ་རྟག་གུས། །དེ་ལ་རྒྱུད་འདི་བསྟན་པར་བྱ། །རྣལ་འབྱོར་པ་གང་ལ་ལ་ཞིག །འདོད་བརྐམ་སངས་རྒྱས་སླུ་བྱེད་པས། །གཏུམ་པོའི་དཀྱིལ་འཁོར་སྟོན་བྱེད་ཅིང་། །བླ་མེད་རྒྱུད་ནི་སྟོན་བྱེད་ན། །དེ་ནི་ནད་ཆེན་གྱིས་གཟིར་ནས། །བཤང་གཅིའི་དྲི་མས་གོས་པར་བྱེད། །ཟླ་བ་དྲུག་གི་ནང་དུ་ནི། །དེ་ནི་འཆི་བའི་སྡུག་བསྔལ་འགྱུར། །དེ་ཕྱིར་གཤིན་རྗེའི་ཕོ་ཉས་བཟུང་། །དུས་ཀྱི་ཞགས་པའི་དབང་དུ་འགྱུར། །གང་ཚེ་སྡིག་ཅན་དམྱལ་བར་འཁྲིད། །སངས་རྒྱས་ཀྱིས་ཀྱང་བསྲུང་མི་ནུས། །ལོ་ནི་འབུམ་དུ་དེ་སྡུག་བསྔལ། །གལ་ཏེ་མྱོང་འགྱུར་ལས་ཟད་ཀྱང་། །གལ་ཏེ་མི་རུ་སྐྱེས་ན་ཡང་། །རྡོ་རྗེའི་གནམ་ལྕགས་ཀྱིས་དེ་འཇིག །སྔགས་རིག་བརྟུལ་ཞུགས་ཅན་གྱིས་ནི། །དེ་ཕྱིར་དཀྱིལ་འཁོར་ལེགས་བྲིས་ནས། །དེ་ཉིད་སྔོན་དུ་ཡོངས་བརྟགས་པའི། །སློབ་མ་བཟང་པོ་རབ་གཞུག་བྱ། །འཇིག་རྟེན་གསུམ་དུ་རྙེད་དཀའ་བའི། །རྒྱུད་ནི་དེ་ཕྱིར་བསྟན་པར་བྱ། །གང་ཡང་མ་ཐོས་རྒྱུད་འཆད་པ། །དེ་ཡང་འོག་ཏུ་འགྲོ་འགྱུར་ཞིང་། །གལ་ཏེ་སངས་རྒྱས་དང་མཚུངས་ཀྱང་། །དེ་ཡི་གདོང་དུ་རྣམ་སྨིན་འགྱུར། །སློབ་མ་དད་པ་དམན་པ་དང་། །ཐེ་ཚོམ་ཟ་བས་ཉན་བྱེད་ན། །མགོ་བོར་རྡོ་རྗེའི་ཐོག་ལྟུང་བ། །ཆར་འབབ་དུས་སུ་ཐེ་ཚོམ་མེད། །མཆོག་གི་ཞལ་མངའ་ལྷ་མོ་ལ། །བདག་གིས་འདི་ནི་བདེན་པར་བཤད། །