།བྱང་སེམས་གཉིས་མེད་མི་འགྱུར་བ། །འདི་ནི་དམ་ཚིག་སེམས་དཔར་འགྱུར། །རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི། །དུས་ཀྱི་འཁོར་ལོ་འདིར་བཤད་པ། །རྣལ་འབྱོར་པ་ཡི་ཐར་སྟེར་བྱེད། །འདི་ཉིད་ཀྱི་ནི་སྒྲུབ་པ་བྱ། །རབ་གསལ་བསམ་གྱིས་མི་ཁྱབ་པའི། །དུ་སོགས་མཚན་མ་དེ་རྣམས་ཀྱི། །ཤེས་རབ་གཟུགས་བརྙན་ནམ་མཁའ་མཉམ། །ཡོད་དང་མེད་ལས་རྣམ་པར་འདས། །རང་གི་སེམས་ཀྱི་རྐྱེན་གྱི་དོན། །རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས། །ཀུན་ནས་ཡོངས་སུ་དོར་བ་ཡིས། །དུ་བ་སྨིག་རྒྱུ་མཁའ་སྣང་དང་། །སྒྲོན་མ་འབར་བ་ཟླ་ཉི་མ། །མུན་ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །བཀབ་དང་མ་བཀབ་མིག་དག་གིས། །སྟོང་པར་འདི་ནི་རྗེས་བརྟགས་མིན། །རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །རྟག་ཏུ་གཟུགས་དེ་བསྒོམ་པར་བྱ། །དངོས་མེད་གཟུགས་ལ་སྒོམ་པ་དེ། །རྣལ་འབྱོར་པ་ཡི་བསྒོམ་པ་མིན། །དངོས་པོ་དངོས་མེད་སེམས་ཀྱི་མིན། །སྟོང་པར་མ་བརྟགས་མཐོང་ཕྱིར་རོ། །ཇི་ལྟར་པྲ་ཕབ་མེ་ལོང་ལ། །གཞོན་ནུ་མས་མཐོང་དངོས་མེད་སྐྱེས། །དེ་བཞིན་འདས་དང་མ་འོངས་ཆོས། །མཁའ་ལ་དེ་ཉིད་རྣལ་འབྱོར་བས། །འདི་ལས་དངོས་པོ་དངོས་མེད་འགྱུར། །དངོས་པོ་སྟོང་པའི་དོན་མཐོང་ཕྱིར། །དངོས་པོ་དངོས་མེད་དོན་ཡོད་པ། །སྒྱུ་མ་རྨི་ལམ་མིག་འཕྲུལ་བཞིན། །མེད་པའི་ཆོས་ཅན་དག་ལ་ཆོས། །སྐྱེ་བ་འདི་ནི་རབ་ཏུ་མཐོང་། །ཡིད་བཞིན་ནོར་ལྟར་མཐའ་ཡས་པའི། །སེམས་ཅན་བསམ་པ་ཡོངས་རྫོགས་བྱེད། །པྲ་ཕབ་པ་ཡི་གཞོན་ནུ་མས། །མ་མཐོང་བ་ཡི་རྐུན་པོ་མཐོང་། །ཉི་ཚེ་བ་ཡི་མིག་དག་གིས། །སོང་ནས་སྒྲུབ་པ་པོ་ཡིས་མཐོང་། །གལ་ཏེ་ཡོད་པའི་གཟུགས་མཐོང་ན། །རང་གི་གདོང་པ་ཅིས་མི་མཐོང་། །གལ་ཏེ་མེད་པའི་གཟུགས་མཐོང་ན། །རི་བོང་རྭ་ནི་ཇི་ལྟར་མིན། །གཞན་གྱི་མིག་གིས་མི་མཐོང་ཞིང་། །རང་གི་མིག་གིས་མཐོང་མིན་པ། །སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན།