།རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་གསོག་ཉིད་དུ་རབ་ཏུ་ཤེས། གསོ་བ་ཉིད་དང་། སྙིང་པོ་མེད་པ་ཉིད་དང་། མིག་ཡོར་ལྟ་བུ་ཉིད་དང་། གཟུགས་བརྙན་ལྟ་བུ་ཉིད་དང་། སྒྲ་བརྙན་ལྟ་བུ་ཉིད་དང་། སྒྱུ་མ་ལྟ་བུ་ཉིད་དང་། མི་གནས་པ་ཉིད་དང་། གཡོ་བ་ཉིད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུའང་རབ་ཏུ་ཤེས་སོ། །དེ་དག་འདི་སྙམ་དུ་སེམས་ཏེ། ཆོས་འདི་དག་ནི་འདི་ལྟར་གསོག །འདི་ལྟར་གསོ་བ། འདི་ལྟར་སྙིང་པོ་མེད་པ། འདི་ལྟར་མིག་ཡོར་ལྟ་བུ། འདི་ལྟར་གཟུགས་བརྙན་ལྟ་བུ། འདི་ལྟར་སྒྲ་བརྙན་ལྟ་བུ། འདི་ལྟར་སྒྱུ་མ་ལྟ་བུ། འདི་ལྟར་མི་གནས་པ། འདི་ལྟར་གཡོ་བ། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཡང་འདི་དག་སྐྱེ་བར་སྣང་ངོ་། །གནས་པ་དང་འཇིག་པར་ཡང་སྣང་ངོ་སྙམ་མོ། །དེ་དག་འདི་ལྟར་སེམས་ཏེ། ཡང་ཆོས་འདི་རྣམས་སྐྱེ་བའི་རྐྱེན་ནི་གང་རྣམས་ཡིན། ཆོས་འདི་རྣམས་འགག་པའི་རྐྱེན་ནི་གང་རྣམས་ཡིན་སྙམ་མོ། །དེ་དག་འདི་ལྟར་སེམས་ཏེ། མ་རིག་པའི་རྐྱེན་གྱིས་ཆོས་འདི་དག་སྐྱེས་ཏེ། མ་རིག་པ་ལས་བྱུང་བའོ། །མ་རིག་པ་སྔོན་དུ་འགྲོ་བའོ། །མ་རིག་པ་ལ་རྟེན་པའོ། །མ་རིག་པ་ལ་བརྟེན་ནས་འདུ་བྱེད་རྣམས་འབྱུང་བ་ཡིན། འདུ་བྱེད་ལ་བརྟེན་ནས་རྣམ་པར་ཤེས་པ་སྣང་བར་འགྱུར་རོ། །རྣམ་པར་ཤེས་པ་ཡོད་ན་མིང་དང་གཟུགས་སུ་འདོགས་པར་འགྱུར་རོ། །མིང་དང་གཟུགས་སུ་བཏགས་ན་སྐྱེ་མཆེད་དྲུག་རྣམས་སུ་འདོགས་པར་འགྱུར་རོ། །སྐྱེ་མཆེད་རྣམས་ཡོད་ན་རེག་པར་འགྱུར་རོ། །རེག་པ་ཡོད་ན་ཚོར་བ་སྣང་བར་འགྱུར་ཏེ། ཚོར་བའི་རྒྱུས་བྱིས་པ་རྣམས་སྲེད་པས་ཉེན་པར་འགྱུར་རོ། །སྲེད་པས་ཉེན་ན་ལེན་པ་འཛིན་ཏོ། །ལེན་པ་བཟུང་ན་སྲིད་པའི་མཚམས་སྦྱོར་བར་འགྱུར་རོ། །སྲིད་པ་ཡོད་ན་སྐྱེ་བར་འགྱུར་རོ། །སྐྱེ་བ་ཡོད་ན་རྒ་བར་འགྱུར་རོ། །སྐྱེས་བུ་གང་ཟག་རྒ་བའི་ཆོས་ཅན་ནི་འཆི་བར་འགྱུར་རོ། །ཤི་བ་ལ་གནས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ཡི་མུག་པ་དང་། འཁྲུག་པ་རྣམས་འབྱུང་སྟེ། འདི་ལྟ་སྟེ། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ།