Degé Kangyur volume 64, F.29.b

རབ་ཏུ་ཆགས་པར་རིག་ནས་སྤྲུལ་པའི་བུད་མེད་དེ་མལ་དེ་ཉིད་དུ་འཆི་བའི་དུས་བྱེད་དུ་འཇུག་གོ། །​དེ་ཡང་སྐད་ཅིག་དེ་ཉིད་དང་། ཡུད་ཙམ་དེ་ཉིད་དང་། ཐང་ཅིག་དེ་ཉིད་ལ་རུལ་ཅིང་དྲི་ང་བ་དང་འཇིག་པར་འགྱུར་ཏེ། དེ་དག་གིས་ཀྱང་དེ་མཐོང་ནས་དངངས་སྐྲག་སྐྱོ་བར་རེད་དེ། བདག་ཅག་འདི་འདྲ་བའི་དྲི་ང་བའི་ནང་ནས་གང་ཐར་བར་བྱེད་པ་སུ་ཞིག་ཡོད་ཅེས་ཉམ་ཐག་པར་འགྱུར་རོ། །​དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་ཅན་དེ་དག་གི་མདུན་དུ་འདུག་སྟེ། དེ་བྱང་ཆུབ་གསུམ་ལས་གང་ཡང་རུང་བའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟར་སེམས་ཅན་དེ་དག་ལ་ཆོས་སྟོན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡུལ་ལས་རྣམ་པར་ཟློག་པའི་ཐབས་མཁས་པ་ཡིན་ནོ། །​ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འགྱོད་པ་ཡིད་ལ་གཅགས་པ་སེལ་བའི་ཐབས་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་སུ་མཚམས་མེད་པའི་ལས་བྱེད་པའམ། མི་དགེ་བའི་ལས་བྱེད་པ་མཐོང་ན། དེའི་གན་དུ་སོང་སྟེ། ཀྱེ་སྐྱེས་བུ་ཁྱོད་ཅིའི་ཕྱིར་ཡིད་མི་བདེ་ཞིང་མི་དགའ་བར་གནས་ཞེས་དེ་སྐད་ཟེར་རོ། །​དེས་ཀྱང་སྨྲས་པ། རིགས་ཀྱི་བུ་བདག་གིས་མཚམས་མེད་པའི་ལས་བྱས་པས་དེའི་ཕྱིར་བདག་ལ་ཡུན་རིང་པོར་གནོད་པ་དང་། ཕན་པ་མེད་པ་དང་། སྡུག་བསྔལ་བར་མི་འགྱུར་གྲང་ཞེས་ཡིད་མི་བདེ་ཞིང་མི་དགའ་བར་གནས་སོ། །​དེའི་ཕྱིར་དེ་ལ་བྱང་ཆུབ་སེམས་དཔའ་སྡོམ་པ་འཛིན་དུ་འཇུག་གོ། །​ཉེས་པ་ཡང་འཆགས་སུ་འཇུག་གོ། །​དེ་ལ་ཆོས་བསྟན་པ་ཟབ་མོ་ཟབ་མོ་ཡང་བྱེད་དོ། །​དེ་སྟེ་འགྱོད་པ་མི་གཏོང་ན་དེའི་ཕྱིར་དེ་ལ་བྱང་ཆུབ་སེམས་དཔའ་ཐོག་མར་འདི་ལྟ་སྟེ། རྫུ་འཕྲུལ་ལམ། སེམས་ཀུན་རྗོད་པས་ཡང་དག་པར་ཡིད་ཆེས་པ་སྐྱེད་དོ། །​དེ་ནས་སེམས་ཅན་དེ་ཡང་དག་པར་ཡིད་ཆེས་པ་སྐྱེས་ནས་བྱང་ཆུབ་སེམས་དཔའ་དེ་ལ་དགའ་བ་དང་། མོས་པ་དང་། རངས་པ་རྙེད་པར་འགྱུར་རོ། །​དེ་དགའ་བ་དང་། མོས་པ་དང་། རངས་པ་རྙེད་པས་དེ་ཆོས་བསྟན་ཏུ་རུང་བར་འགྱུར། བྱང་ཆུབ་སེམས་དཔའ་དེ་དང་འཐུན་པར་འཛིན་པར་འགྱུར་རོ། །​དེ་ནས་བྱང་ཆུབ་སེམས་དཔའ་དེས་དེའི་མདུན་དུ་འདི་ལྟ་སྟེ། ཕ་མར་སྤྲུལ་པ་མངོན་པར་སྤྲུལ་ཏེ་འདི་སྐད་ཟེར་རོ། །​ཀྱེ་སྐྱེས་བུ་ཁྱོད་ལྟོས་ལ་འགྱོད་པ་ཆོད་ཅིག །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1055#UT22084-064-001-1055