།ཐོགས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའོ། །ཆོས་ཀྱི་དབྱིངས་འདོད་ཆགས་དང་བྲལ་བས་ན་འདོད་ཆགས་ནི་འདོད་ཆགས་དང་བྲལ་བའི་མཐའོ། །ཆོས་ཀྱི་དབྱིངས་ལ་གཏུམ་པ་མེད་པས་ཞེ་སྡང་ནི་ཡང་དག་པའི་མཐའོ། །ཆོས་རྣམས་ལ་རྨོངས་པ་མེད་པའི་ཕྱིར་གཏི་མུག་ནི་གཏི་མུག་མེད་པའི་མཐའོ། །ཤི་འཕོ་མེད་པ་དང་སྐྱེ་བ་མེད་པའི་ཚུལ་གྱིས་འཁོར་བ་ཡང་མྱ་ངན་ལས་འདས་པའོ། །མངོན་པར་ཆགས་པ་མེད་པའི་ཚུལ་གྱིས་མྱ་ངན་ལས་འདས་པ་ཡང་འཁོར་བའོ། །ཐ་སྙད་དུ་འདོགས་པའི་ལྟ་བས་བདེན་པ་ཡང་བརྫུན་པའོ། །མངོན་པའི་ང་རྒྱལ་ཅན་རྣམས་ལ་ནི་བརྫུན་པ་ཡང་བདེན་པའོ་ཞེས་དེ་ལྟར་ཤེས་སོ། །གཞན་ཡང་ཚངས་པ་དེ་བཞིན་གཤེགས་པ་ནི་ལྡེམ་པོ་ངག་གི་རྣམ་གྲངས་ཀྱིས་བདག་ཉིད་རྟག་པར་སྨྲ་བར་ཞལ་གྱིས་བཞེས་སོ། །བདག་ཉིད་ཀུན་ནས་ཉོན་མོངས་པར་སྨྲ་བ་དང་། ཆད་པར་སྨྲ་བ་དང་། བྱ་བ་མེད་པར་སྨྲ་བ་དང་། ལོག་པར་སྨྲ་བ་དང་། མ་དད་པ་དང་། བྱས་པ་མི་གཟོ་བ་དང་། མཚམས་གཅོད་པ་དང་། སྐྱུག་པ་ཟ་བ་དང་། གོ་སྐབས་མི་ཕྱེད་པར་ཞལ་གྱིས་བཞེས་ཀྱང་དེ་བཞིན་གཤེགས་པ་ནི་བཤད་པ་འདི་དག་ལ་མི་འབྱུང་མི་སྣང་ངོ་། །ལྡེམ་པོ་ངག་གང་གིས་སེམས་ཅན་རྣམས་ལྷག་པའི་ང་རྒྱལ་འཛིན་པ་འདོད་པར་འགྱུར་བའི་ལྡེམ་པོ་ངག་དེ་དེ་བཞིན་གཤེགས་པ་སྟོན་ཏེ། དེ་ནི་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་གོ། །ཚངས་པ་དེ་ལྟར་ན་དེ་བཞིན་གཤེགས་པ་ལྡེམ་པོ་ངག་ཏུ་ཆོས་སྟོན་ཏེ། དེ་ལ་བྱང་ཆུབ་སེམས་དཔས་སྤྱོད་པ་ལ་མཁས་པར་བློ་དཔྱད་པར་བྱའོ། །དེ་དེ་ལྟར་མཐར་ཕྱིན་པས་བསྟན་པ་ཐམས་ཅད་ལ་མཁས་པར་འགྱུར་རོ། །དེ་སེམས་ཅན་རྣམས་ལ་གཟུགས་ཀྱི་སྐུ་བསྟན་པས་སངས་རྒྱས་བྱུང་ངོ་སྙམ་དུ་མོས་པར་འགྱུར་རོ། །ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་དེ་བཞིན་གཤེགས་པ་མ་བྱུང་བའོ་ཞེས་མོས་པར་འགྱུར་རོ། །ཡི་གེ་རྣམ་པར་རིག་པ་ལྷུར་བྱེད་པའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཏོ་ཞེས་མོས་པར་འགྱུར་རོ། །ཆོས་ཉིད་བརྗོད་དུ་མེད་པར་ངེས་པར་བྱས་ནས་ཆོས་བསྟན་དུ་མེད་དོ། །ཞེས་མོས་པར་འགྱུར་རོ།