།ལྷ་ཀླུ་ལྷ་མིན་མི་འམ་ཅིར་བཅས་པ། །ཆོས་ཉིད་འཚལ་བ་མང་པོ་ཚོགས་པ་ལ། །ཇི་ལྟར་མོས་པ་བཞིན་དུ་ཆོས་ཉིད་གསུངས། །དགེ་བསྙེན་དགེ་བསྙེན་མ་དང་དགེ་སློང་དང་། །དགེ་སློང་མ་དང་འཁོར་བཞི་འདི་དག་ཚོགས། །ཇི་ལྟར་ཐོས་ནས་ནོར་གྲུབ་རབ་འདོང་བར། །དེ་ལྟར་དེ་དག་ལ་ནི་ཆོས་བསྟན་གསོལ། །གང་རྣམས་སངས་རྒྱས་ཐེག་ལ་རྟག་མོས་དང་། །དེ་བཞིན་རང་རྒྱལ་ཐེག་དང་ཉན་ཐོས་ཐེག །ཐེག་པ་གང་གི་སེམས་བསམ་གང་མཁྱེན་པ། །དེ་ལ་སྨན་པའི་སླད་དུ་དེ་གསུངས་ཤིག །སངས་རྒྱས་རིགས་ལ་གནས་ཕྱིར་གང་བཞུགས་པ། །དཀོན་མཆོག་གསུམ་པོ་གང་ལས་བྱུང་བ་ཡི། །བྱང་ཆུབ་ངེས་སེམས་དག་ལ་སྨན་སླད་དུ། །ཆོས་ཀྱི་རྒྱལ་པོ་ཁྱོད་ལ་བདག་གསོལ་ལོ། །ཁྱོད་ཀྱི་བསྔགས་པའི་ཕྲེང་བ་གྲགས་ཐོས་ནས། །ཤེས་རབ་ཡངས་པ་འདི་རྣམས་བདེ་བར་ལྷགས། །སེམས་ཅན་གཙོ་བོ་དེ་དག་མཁྱེན་པ་བཞིན། །དེ་དག་ལ་ནི་བླ་མེད་སྤྱོད་པ་ཤོད། །འདི་ལྟར་བདེ་གཤེགས་མཁྱེན་པ་བསམ་མི་ཁྱབ། །དགྲ་བཅོམ་བདག་ཉིད་ཆེན་པོས་འདི་མིན། །འདི་ནི་རང་རྒྱལ་གྱི་ཡང་ཡུལ་མ་ལགས། །བདག་ཀྱང་འདྲེན་ལ་དད་པའི་རྗེས་སུ་འབྲང་། །བདག་གིས་གང་ཁྱོད་དོན་ཆེན་འདི་དྲིས་པ། །འཇིག་རྟེན་རྣམ་འདྲེན་ཁྱོད་ལ་བདག་བཟོད་གསོལ། །གང་ཕྱིར་ཁྱོད་ཀྱི་ཐུགས་ནི་སྐྱོ་མི་མངའ། །དེ་ཕྱིར་བྱང་ཆུབ་ལམ་མཆོག་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པ་ཁྱད་པར་སེམས་ཀྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དག་ལྷག་པའི་བསམ་པ་བརྟན་ཞིང་ཡིད་མི་སྐྱོ་བ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དག་མགོ་གཅིག་ཏུ་སྨྲ་ཞིང་ཚིག་གདུང་བ་མ་མཆིས་པ་རྣམས་ལགས། ཇི་ལྟར་ན་དགེ་བའི་རྩ་བ་རྣམས་མངོན་པར་འཕགས་པ་རྣམས་ལགས། ཇི་ལྟར་ན་བསླད་པ་མ་མཆིས་ཤིང་སྤྱོད་ལམ་ཡང་མི་འཁྲུག་པ་རྣམས་ལགས། ཇི་ལྟར་ན་ཆོས་དཀར་པོ་རྣམས་རྣམ་པར་འཕེལ་བར་བགྱིད་པ་རྣམས་ལགས།