།ཀུན་དགའ་བོ་བར་གྱི་བསྐལ་པ་དེ་ཡང་སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་དང་མི་འབྲལ་བར་འགྱུར་ཏེ། བར་གྱི་བསྐལ་པ་དེ་ནི་དཀོན་མཆོག་འབྱུང་བ་ཞེས་བརྗོད་དོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོས་བཅོམ་ལྡན་འདས་ལས་ལུང་བསྟན་པ་ཐོས་ནས་དགའ་ཞིང་མགུ་སྟེ། ཡི་རངས་ཤིང་རབ་ཏུ་དགའ་ནས། དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། བྱང་ཆུབ་སེམས་དཔའི་དགའ་བ་དང་། མཆོག་ཏུ་དགའ་བའི་ཤུགས་ཀྱིས་ས་ལས་སྟེང་གི་བར་སྣང་ལ་ཤིང་ཏ་ལ་བདུན་ཙམ་དུ་འཕགས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་དད་པ་རྒྱ་ཆེར་སྤེལ་བ་དང་། དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པའི་ཕྱིར་སངས་རྒྱས་ཀྱི་མཐུ་དང་། རང་གི་ཤེས་རབ་ཀྱི་སྤོབས་པས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཆོས་འདི་ཐམས་ཅད་རབ་ཏུ་དབེན་པ་དང་། །དྲི་མ་མེད་དེ་ནམ་མཁའི་ངོ་བོ་ཉིད། །རྒྱུད་ཀྱི་དམ་པ་འདི་ནི་རྣམ་ཤེས་ན། །དེ་ཕྱིར་དེ་དག་ཐུབ་སྲས་ཐུ་བོར་འགྱུར། །རྨི་ལམ་བཞིན་དུ་མཐོང་བ་ཅུང་ཟད་མེད། །ཐམས་ཅད་མེད་དེ་གཟུང་མེད་གསོག་དང་གསོབ། །ཆོས་རྣམས་ཐམས་ཅད་རྨི་ལམ་འདྲར་ཤེས་ནས། །འདུས་བྱས་དག་ལ་སྐྱོ་བར་འགྱུར་བ་མེད། །ལ་ལས་སྒྱུ་མའི་རྟ་དང་གླང་ཆེན་དང་། །ཤིང་རྟ་དཔུང་བུ་ཆུང་དང་བཞོན་མཐོང་བ། །དམ་པའི་དོན་དུ་སྙིང་པོ་མེད་པ་ལྟར། །ཕུང་པོ་འདི་དག་སྒྱུ་འདྲ་སྙིང་པོ་མེད། །གཟུགས་ཀྱི་རང་བཞིན་དབུ་བ་རྡོས་པ་བཞིན། །ཚོར་བ་འདི་ནི་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་དག་ནི་སྨིག་རྒྱུ་འདྲ་བར་གསུངས། །འདུས་བྱས་ཐམས་ཅད་ཆུ་ཤིང་སྙིང་པོ་མེད། །སྲིད་གསུམ་འདི་ནི་སེམས་ཡིད་རྣམ་པར་ཤེས། །རྒྱལ་བས་དེ་བཞིན་སྒྱུ་འདྲ་གསོག་ཏུ་གསུངས། །གཟུགས་ཀྱི་རང་བཞིན་སྟོང་པར་རིག་ནས་ནི། །འདུས་བྱས་དག་ལ་ནམ་ཡང་སྐྱོ་བ་མེད། །ཁམས་བཞི་པོ་ནི་ཆོས་ཀྱི་དབྱིངས་འདྲ་དང་། །སྐྱེ་མཆེད་རྣམས་ནི་གྲོང་སྟོང་ལྟ་བུ་དང་། །ཆོས་འདི་གསོག་དང་གསོབ་ལྟར་རྣམ་ཤེས་པ། །དེ་དག་རྒྱལ་བའི་ཆོས་མཛོད་འཛིན་པ་ཡིན། །རབ་ཏུ་དུལ་ཕྱིར་སྦྱིན་དང་དུལ་བ་དང་། །