Degé Kangyur volume 56, F.177.b

སྲོག་ཆགས་བྱེ་བ་ཕྲག་དྲུག་ཅུ་རྩ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའ་བ་ཡིན་གྱིས། བདག་ཅག་གིས་འདི་ཉིད་ལ་སྡུག་བསྔལ་ཟད་པ་དང་། ཉོན་མོངས་པའི་མཐའ་མ་དང་། ཟག་པ་ཟད་པ་ཐོབ་པར་བྱའོ་སྙམ་ནས་ཡང་ཕྱིར་མི་ལྡོག་པར་གྱུར་ཏོ། །​སེམས་ཅན་དཔག་ཏུ་མེད་པ་རྣམས་ནི་སློབ་པའི་ས་ལ་བཀོད་པར་གྱུར་ཏོ། །​བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བཅུ་ནི་སེམས་དང་པོ་བསྐྱེད་པས་ཡོངས་སུ་གྲུབ་པར་གྱུར་ཏོ། །​བྱང་ཆུབ་སེམས་དཔའ་བྱེ་བ་འབུམ་ཕྲག་སུམ་ཅུ་རྩ་གཉིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །​དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ཏེ། མཆི་མས་བརྣངས་ཤིང་ངུ་བཞིན་བྱུང་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བདག་སེམས་ཅན་རྣམས་བདག་གི་ཡུལ་ལས་ཡང་དག་པར་འདའ་བར་མ་གྱུར་ཅིག་སྙམ་ནས། གང་གི་སླད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་བ་དེ་ཉིད་བཅོམ་ལྡན་འདས་ཉམས་པ་མི་མངའ་བས་སྐུ་ཚེའི་ཚད་བསྐལ་པར་བཞུགས་པ་དང་འདྲ་བར་སྐྱ་རེངས་མ་ཤར་ཅིང་གདུགས་མ་བདལ་བར་ཡང་སེམས་ཅན་ཚད་མ་མཆིས་པ་རྣམས་ཀྱི་དོན་གྱི་སླད་དུ་འདི་ལྟ་སྟེ། མྱ་ངན་ལས་འདའ་བ་ལ་རབ་ཏུ་བཀོད་ལགས་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བདག་གི་ཡུལ་སྟོངས་པར་མཛད་ལགས་སོ། །​དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​སྡིག་ཅན་སེམས་ཅན་གང་དག་དགེ་བའི་ཆོས་རྣམས་ལ་མངོན་པར་མི་བརྩོན་པ་དང་། གང་དག་དེ་བཞིན་གཤེགས་པའི་ཡུལ་ལ་དད་པར་མི་བྱེད་པ་དེ་དག་ཁྱོད་ཀྱི་གྲོགས་ཡིན་ལ། ཁྱོད་ཀྱང་དེ་དག་གི་གྲོགས་ཡིན་པས་སྡིག་ཅན་ཁྱོད་ཀྱི་གྲོགས་མང་དུ་ཡོད་ཀྱིས། སྡིག་ཅན་ངུ་བར་མ་བྱེད་སྨྲེ་སྔགས་མ་འདོན་ཅིག །​དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཕྱག་གིས་སེན་མོའི་རྩེ་མོས་ས་གཞི་ཆེན་པོ་ལས་སའི་རྡུལ་ཞིག་བླངས་ནས་བདུད་སྡིག་ཅན་ལ་བཀའ་སྩལ་པ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh136.html?part=UT22084-056-004-945#UT22084-056-004-945