Degé Kangyur volume 56, F.173.a

ཟུག་རྔུ་འབྱིན་ཅིང་གསོས་མཛད་ལ། །​སྨན་སྩོལ་མཛད་ཅིང་ཐམས་ཅད་མཁྱེན། །​མྱ་ངན་འདའ་བ་སྟོན་མཛད་པའི། །​རྫོགས་སངས་རྒྱས་ཀྱིས་བདག་ཅག་བཏུལ། །​མིག་དང་སྒྲོན་མར་གྱུར་པ་འདི། །​ཤིན་ཏུ་མྱུར་བར་འདས་གྱུར་ན། །​སུ་ཞིག་སྲོག་ཆགས་བྱེ་བ་རྣམས། །​ཡང་སོས་གནོད་ལས་ཐར་མཛད་འགྱུར། །​ཟུག་རྔུ་འབྱིན་མཛད་སྨན་པ་ཆེ། །​འབྱུང་པོ་ཀུན་གྱི་གསོས་མཛད་པ། །​དེ་ཡིས་སེམས་ཅན་གང་གསོས་པ། །​དེ་དག་ངན་འགྲོར་མཆི་མི་འགྱུར། །​དེ་ནས་བཅོམ་ལྡན་འདས་དེའི་ཚེ་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་གནས་ཀྱི་མཐར་བཞུགས་ཏེ་འོད་རྒྱ་ཆེན་པོ་རབ་ཏུ་བཀྱེའོ། །​དེས་སེམས་ཅན་དམྱལ་བ་ཆེན་པོའི་གནས་དེ་སྣང་བར་གྱུར་ནས་སྲོག་ཆགས་སྟོང་ཕྲག་མང་པོ་དག་དེ་ནས་བཏོན་ཏེ་མཐོ་རིས་ལ་རབ་ཏུ་བཀོད་དོ། །​དེ་བཞིན་དུ་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དང་། ངུ་འབོད་དང་ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དག་ནས་ཀྱང་སྲོག་ཆགས་སྟོང་ཕྲག་མང་པོ་དག་བཏོན་ཏེ་མཐོ་རིས་དང་མྱ་ངན་ལས་འདའ་བའི་ལམ་ལ་རབ་ཏུ་བཀོད་དོ། །​དེ་ནས་སྐད་ཅིག་དེ་དང་ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་སྲོག་ཆགས་བྱེ་བ་འབུམ་ཕྲག་དུ་མ་དག་སེམས་ཅན་དམྱལ་བའི་གནས་དག་ནས་ཤི་འཕོས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །​སྐྱེས་མ་ཐག་ཏུ་ལྷའི་བུ་དེ་དག་གིས་སྔོན་གྱི་ཆོས་ཡང་དག་པར་རྗེས་སུ་དྲན་ནས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །​དེ་ནས་ལྷའི་བུ་ཆོས་ཐོབ་པ། ཆོས་རྟོགས་པ། ཆོས་ཀྱི་གཏིང་དུ་ཞུགས་པ་དེ་དག་གིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །​ཇི་ལྟར་དགོན་པའི་ཤུལ་ཞིག་ཏུ། །​དེད་དཔོན་འཇིགས་པ་མ་མཆིས་པས། །​ཆོམ་རྐུན་གདུག་པས་གཙེས་གྱུར་པའི། །​སེམས་ཅན་མང་པོ་ཐར་བགྱིད་ལྟར། །​དེ་བཞིན་འཁོར་བའི་བཙོན་ར་ལས། །​དེད་དཔོན་བླ་ན་མ་མཆིས་པ། །​སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི། །​སེམས་ཅན་བྱེ་བ་ཐར་བར་མཛད། །​ཐུགས་རྗེ་ཉེ་བར་བསྐྱེད་མཛད་ཅིང་། །​བདག་ཅག་སྡུག་བསྔལ་ཐར་མཛད་པའི། །​བླ་མེད་དེད་དཔོན་འོད་མཛད་པ། །​སངས་རྒྱས་ལ་ནི་སྐྱབས་སུ་མཆི། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh136.html?part=UT22084-056-004-936#UT22084-056-004-936