Degé Kangyur volume 56, F.164.b

ཆེན་པོ་དམིགས་མེད་ཀྱི་སྤུའི་ཁུང་བུ་དག་ནས་ཆོས་ཀྱི་སྒྲ་སྐད་རྒྱ་ཆེན་པོ་འབྱུང་བར་འགྱུར་བ་དག་ཀྱང་ཐོས་པར་འགྱུར་ཞིང་ཐོས་ནས་ཀྱང་དགའ་བ་སྐྱེ་བར་འགྱུར་རོ། །​ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་དོན་ངེས་པར་འབྱུང་བའི་མདོ་སྡེ་འདི་ལྟ་བུ་བཤད་པ་དག་ལ་ཡང་དང་ཡང་དུ་ལུས་བཏུད་དེ་ཐལ་མོ་སྦྱར་བར་བྱ་ཞིང་སེམས་ཀྱིས་དད་པ་བསྐྱེད་པར་ཡང་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེའི་ལས་ཀྱི་རྣམ་པར་སྨིན་པས་ཁྱོད་སེམས་ཅན་ཐམས་ཅད་ཀྱིས་ལེགས་པར་མཆོད་པར་འགྱུར་ཞིང་ཁྱོད་ལ་ལྷ་དང་བཅས་པའི་འཇིག་རྟེན་ཡང་རབ་ཏུ་འདུད་པར་འགྱུར་ཞིང་ཁྱོད་ཡོངས་སུ་མྱ་ངན་ལས་འདས་པའི་ལུས་ལ་ཡང་ལྷ་དང་མི་རྣམས་མཆོད་པ་བྱེད་པར་འགྱུར་བའི་ཕྱིར་རོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ལ་བཀའ་སྩལ་པ། མ་འགགས་པ་ཁྱོད་ཀྱིས་ལྷ་བྱེ་བ་ཕྲག་བཞི་བཅུས་སྟེང་གི་བར་སྣང་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཐལ་མོ་སྦྱར་ཏེ་ལུས་བཏུད་ཅིང་འཁོད་པ་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །​བཀའ་སྩལ་པ། མ་འགགས་པ་དེ་དག་ནི་ཆོས་ལ་དད་པ་དང་ལྡན་པས་ཐལ་མོ་སྦྱར་ཅིང་དད་པས་ལུས་རབ་ཏུ་བཏུད་པའི་དགེ་བའི་རྩ་བ་དེས་བསྐལ་པ་གྲངས་མེད་པར་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ཞིང་། ལྷ་དང་མིར་མཚམས་སྦྱོར་བར་འགྱུར་ལ། དེ་དག་མིར་གྱུར་པ་ན་རེ་རེས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་གང་གཱའི་ཀླུང་གི་བྱེ་མ་བས་ལྷག་པ་སྙེད་བྱེད་པར་འགྱུར་རོ། །​ཐམས་ཅད་དུ་ཡང་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པར་འགྱུར་ཞིང་དེ་དག་དེའི་འོག་ཏུ་དགེ་བའི་རྩ་བ་དག་ཡང་དག་པར་བསྒྲུབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ་ཐམས་ཅད་ཀྱང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བ་ཐམས་ཅད་ཀྱིས་རབ་ཏུ་གདུང་བར་འོས་པ་ཞེས་བྱ་བར་མཚན་འཐུན་པའི་དེ་བཞིན་གཤེགས་པ་ཤ་སྟག་ཏུ་འགྱུར་རོ། །​ཡང་དེའི་ཚེ་གྱད་དགའ་བ་ཞེས་བྱ་བ་དང་། གྱད་རྒྱལ་དཀའ་ཞེས་བྱ་བ་དང་། གྱད་སྟོབས་པོ་ཆེ་དང་། གཟི་བརྗིད་ལྷ་དང་། རྒྱལ་བའི་ལྷ་དང་། ཕྲག་པར་འཛེག་དང་། བློ་བཟང་དང་། འཇིགས་མེད་དང་། དབྱིག་དང་། བདེན་པ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh136.html?part=UT22084-056-004-919#UT22084-056-004-919