།ཡེ་ཤེས་མཆོག་བརྙེས་ཡོངས་དག་ཡངས་པའི་སྤྱན་མངའ་བ། །དབང་པོ་ཞི་བ་ཞི་གནས་ཕ་རོལ་ཕྱིན་མཆོག་བརྙེས། །སྐུ་མདོག་གསེར་གྱི་རི་བོ་ལྷ་ཡི་འོད་འདྲ་བ། །ཅི་ཡི་སླད་དུ་བཅོམ་ལྡན་འཛུམ་པ་འདི་སྟོན་མཛད། །གང་གི་བློ་གྲོས་ཅི་འདྲ་དུས་གསུམ་ལྡན་པ་དང་། །ལྷ་དང་མི་རྣམས་སེམས་ཀྱི་སྤྱོད་པ་མཁྱེན་བཞིན་དུ། །འདུ་ཤེས་མི་མངའ་རྟག་ཏུ་ཡེ་ཤེས་མཆོག་བརྙེས་པ། །ཞལ་རས་ཟླ་འདྲ་འཛུམ་པའི་དོན་ནི་བསྟན་པར་གསོལ། །འདས་པའི་སངས་རྒྱས་ཇི་སྙེད་གང་དག་མ་འོངས་དུས། །གང་དག་གནས་པའི་རྒྱལ་བ་དེ་དག་མཚུངས་པ་སྟེ། །སེམས་ཅན་གང་དག་དཀར་པོ་སྤྱོད་པ་སྣ་ཚོགས་པ། །སྦྱོར་མཁྱེན་ལུང་བསྟན་སླད་དུ་ཐམས་ཅད་ཡང་དག་གསུངས། །སངས་རྒྱས་ཞིང་འདི་དག་ནི་སྐུ་ཡིས་ཐམས་ཅད་ཁྱབ། །ཁྱོད་ཀྱི་གསུང་ནི་སངས་རྒྱས་ཞིང་མང་ཡངས་པར་གྲག །འདིར་ནི་ཐུགས་ཀྱིས་འགྲོ་བ་ཀུན་ལ་བྱམས་པ་བསྐྱེད། །རྒྱལ་བ་ཡེ་ཤེས་མཐའ་ཡས་ལྡན་པ་གང་སླད་གསུངས། །ཆོས་རྣམས་ཡ་མ་བརླ་སྟེ་ཆུ་ཟླ་འདྲ་བ་དང་། །སྒྱུ་མ་ལྟ་བུར་འཇིག་པ་རྨི་ལམ་ངོ་བོ་ཉིད། །སྤྲིན་ལྟར་མི་བརྟན་འཇིག་པའི་ཆོས་ཅན་མཁྱེན་པ་པོ། །མི་ཡི་སེང་གེ་གང་སླད་འཛུམ་དོན་བསྟན་པར་གསོལ། །སྟོང་པ་མཚན་མེད་སྨོན་མེད་རྟོགས་པས་རྣམ་པར་གྲོལ། །རྟག་ཏུ་ཐུགས་དུལ་ཆོས་ཀྱི་ངོ་བོ་ཉིད་ལ་མཁས། །རླུང་སྲུབས་མཁའ་ལ་འཚུབ་ཀྱང་སྤྲོས་མེད་འདྲ་བ་པོ། །ཅི་སླད་འཛུམ་མཛད་འདི་ལ་དོན་ནི་ཅི་མཆིས་གསུངས། །གང་གི་སེམས་དེང་སངས་རྒྱས་ཡེ་ཤེས་མཆོག་ལ་བཏུད། །གང་གིས་དེ་རིང་ཤིང་རྒྱལ་དྲུང་དུ་བདུད་ཀྱང་བཅོམ། །གང་གིས་རྒྱལ་བ་མཆོག་རྣམས་གདན་ནི་ཡོངས་སུ་བཟུང་། །སྐྱེས་བུ་ཁྱུ་མཆོག་གིས་ནི་ཅི་ཕྱིར་འཛུམ་པ་བསྟན། །འདི་ན་རྒྱལ་བའི་ཉན་ཐོས་དེ་རྣམས་ས་མ་མཆིས། །འདི་ལ་རང་སངས་རྒྱས་ཀྱི་ཡུལ་ཡང་ཅི་མ་མཆིས། །འདི་ནི་སངས་རྒྱས་ཡོན་ཏན་རྒྱ་མཚོ་རྣམས་ཀྱི་ཡུལ། །འཇིག་རྟེན་མཆོག་གིས་འཛུམ་པའི་རྒྱུ་ནི་བསྟན་པར་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་ཚན་པོ་ཆེ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཏ་ལ་བདུན་སྲིད་ཙམ་གྱི་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ་འདུག་པ་མཐོང་ངམ།