གཞོན་ནུ་དེ་ལྟ་བས་ན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་དང་གཡོག་བྱས་པ་ལ་རྟག་ཏུ་ཡིད་ཡོངས་སུ་མི་སྐྱོ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཟླ་འོད་གཞོན་ནུར་གྱུར་པ་ལ་སྔོན་བྱུང་བའི་ལེའུ་འདི་ཉིད་རྒྱས་པར་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །དྲན་པ་སྟོབས་བཅུ་བྱེ་བ་དྲུག་ཅུ་དག །སྔོན་ཚེ་བྱ་རྒོད་ཕུང་པོའི་རི་ལ་བཞུགས། །ང་སྔོན་བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །ཏིང་འཛིན་ཞི་བའི་མཆོག་འདི་བཤད་བྱས་ཏེ། །དེ་དག་གི་ཡང་ཐ་མ་ནི། །འཇིག་རྟེན་མགོན་པོ་འོད་བྱེད་པ། །སཱ་ལའི་དབང་རྒྱལ་ཞེས་བྱ་སྟེ། དེ་ལ་ང་ཡིས་ཡོངས་སུ་དྲིས། །ང་ཡང་རྒྱལ་རིགས་ཉིད་གྱུར་ཏེ། །རྒྱལ་པོ་ས་བདག་གཙོ་བོ་ཡིན། །ང་ཡི་བུ་ཡང་ལྔ་བརྒྱ་སྟེ། དེ་དག་ལས་ནི་མི་ཉུང་བྱུང་། །སངས་རྒྱས་དེ་ཡི་གཙུག་ལག་ཁང་། །ཙན་དན་ཁྱད་པར་ཅན་རྣམས་དང་། །ཁ་ཅིག་རིན་ཆེན་བརྩེགས་པ་ཡི། །བྱེ་བ་སྙེད་ནི་ངས་བྱས་ཏེ། །སྐྱེ་བོ་མང་པོ་དགའ་ཞིང་ཡིད་འོང་བ། །འཇིགས་པའི་བླ་མ་ཞེས་བྱ་རྒྱལ་པོར་གྱུར། །སངས་རྒྱས་ལ་ནི་མཆོད་པ་དམ་པ་དག །ལོ་སྟོང་བྱེ་བ་བཅྭ་བརྒྱད་བར་དུ་བྱས། །རྣམ་པར་འདྲེན་པ་སཱ་ལའི་དབང་པོ་རྒྱལ། །རྐང་གཉིས་གཙོ་བོ་རྒྱལ་བ་མ་སྨད་པ། །དེ་ཡི་དུས་ན་དེ་ཡི་ཚེ་ཚད་ནི། །ལོ་བྱེ་སྟོང་ཕྲག་བདུན་ཅུ་དྲུག་ཏུ་གྱུར། །ཉན་ཐོས་མཚུངས་པ་ཁྲག་ཁྲིག་བརྒྱད་ཅུ་སྟེ། །གསུམ་རིག་མངོན་ཤེས་དྲུག་ལྡན་དབང་པོ་ཐུལ། །ཟག་པ་ཟད་ཅིང་ཐ་མའི་ལུས་འཛིན་པ། །དེ་ཚེ་མི་མཆོག་གི་ནི་དགེ་འདུན་བྱུང་། །ལྷར་བཅས་འཇིག་རྟེན་དག་ལ་ཕན་པའི་ཕྱིར། །དེ་ཚེ་ཏིང་འཛིན་འདི་ནི་བདག་འདོད་པས། །རྒྱལ་བ་རྐང་གཉིས་གཙོ་བོ་དེ་དག་ལ། །མཆོད་པ་རྣམ་པ་མང་པོ་ངས་བྱས་ཏེ། རྒྱལ་བ་སཱ་ལའི་དབང་རྒྱལ་དྲུང་དུ་ཡང་། །ང་ནི་བཙུན་མོ་སྲས་བཅས་རབ་ཏུ་བྱུང་། །ལོ་ཡང་བྱེ་བ་སྟོང་ཕྲག་བཅུ་བཞིར་ནི། །ཏིང་ངེ་འཛིན་འདི་ངས་ཀྱང་ཡོངས་དྲིས་ཏེ། །ཚིགས་བཅད་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་དང་། །གཞན་ཡང་དཀྲིགས་ཕྲག་བྱེ་བ་བརྒྱ་རྣམས་ནི། །ཏིང་འཛིན་འདི་ཉིད་ཀྱི་ནི་ལེའུ་གཅིག་པོ། །ངས་ནི་བདེ་བར་གཤེགས་པ་དེ་ལས་བླངས། །ཏིང་འཛིན་དམ་པ་འདི་ནི་འདོད་པའི་ཕྱིར། །མགོ་དང་རྐང་ལག་ཆུང་མ་དེ་བཞིན་བུ། །རིན་ཆེན་མང་པོ་དེ་བཞིན་བཟའ་བཅའ་རྣམས། །སྔོན་ཆད་ངས་ནི་མ་བཏང་ཆུང་ཟད་མེད། །སངས་རྒྱས་དག་ནི་བྱེ་བ་ཕྲག་སྟོང་དང་།