།ཏིང་འཛིན་འདི་ནི་རབ་ཏུ་སྤོང་བར་འགྱུར། །རྒོད་ཅིང་དབང་པོ་གཡེངས་པ་ཕྲག་དོག་ཅན། །གྲོང་ལ་ཆགས་ཤིང་རྙེད་པ་འདོད་པ་དག །སྦྱོར་བ་བྱེད་པའི་སྐབས་ལ་རྟག་ཏུ་གནས། །ཏིང་འཛིན་འདི་ནི་རབ་ཏུ་སྤོང་བར་འགྱུར། །ལག་པ་དང་ནི་རྐང་པ་རྣམ་པར་རྡོབ། །རྩེ་འཇོ་རྒོད་ལ་རྟག་པར་རབ་ཏུ་ཞུགས། །གཅིག་ལ་གཅིག་ནི་མགུལ་འཁྱུད་ལག་ཀྱང་སྦྲེལ། །གྲོང་དུ་སྤྱོད་ལམ་གཞན་དུ་སྒྱུར་བར་བྱེད། །མི་རིགས་སྦྱོར་བའི་མཚན་ཉིད་འདི་དག་སྟེ། །གཞན་གྱི་བུ་མོ་ལ་ཡང་རྟག་ཏུ་ཆགས། །གཟུགས་ཀྱིས་རྒྱུགས་ཤིང་འདུན་པ་བོར་བ་ཡིན། །གྲོང་དང་གྲོང་ཁྱེར་ཡུལ་འཁོར་ཀུན་ཏུ་རྒྱུ། །དེ་དག་བཟའ་དང་བཏུང་ལ་རབ་ཏུ་ཞུགས། །གླུ་དང་བྲོ་གར་དེ་བཞིན་རོལ་མོ་དང་། །ཉོ་འཚོང་ལྷག་པར་བྱེད་ཅིང་རྟག་ཏུ་བརྩོན། །བཏུང་བ་དག་ལ་ཆགས་ཤིང་ངོ་ཚ་བོར། །མི་རིགས་བརྩོན་པ་སྤྲིང་ཡིག་སྐུར་བར་བྱེད། །ཚུལ་ཁྲིམས་དེ་བཞིན་ལམ་དག་བཏང་ནས་ནི། །ཁྱིམ་པ་དག་དང་བསྟེན་ཅིང་ཁྲིམས་དྲལ་ནས། །དེ་དག་ཚུལ་ཞིག་ལོག་པར་ཤིན་ཏུ་གནས། །ལས་གང་སངས་རྒྱས་ཀྱིས་ནི་རྟག་སྨད་པ། །སྲང་དང་ཚད་ལ་གཡོ་སྒྱུ་བྱེད་པར་ཞུགས། །དེ་འདྲའི་སྡིག་པ་ཉོན་མོངས་ལས་བྱས་པས། །ལས་ངན་བྱེད་པ་དེ་དག་ངན་སོང་འགྲོ །དུང་དང་གསེར་དང་ནོར་བུ་ནོར་མང་དང་། །ཁྱིམ་དང་གཉེན་བཤེས་རྣམ་སྤངས་རབ་བྱུང་སྟེ། །སངས་རྒྱས་བསྟན་པ་འདི་ལ་རབ་བྱུང་ནས། །སྡིག་པའི་ལས་རྣམས་ཤིན་ཏུ་སྤྱོད་པར་བྱེད། །ནོར་དང་འབྲུ་ལ་སྙིང་པོར་འདུ་ཤེས་ཤིང་། །བཞོན་དང་བ་ལང་ཤིང་རྟ་རྣམས་ལ་ཆགས། །གང་ལ་བསླབ་པའི་ནན་ཏན་མེད་པ་རྣམས། །དེ་དག་གིས་ཀྱང་ཅི་ཕྱིར་མགོ་བོ་བྲེགས། །ངས་ནི་སྔོན་ཚེ་སྤྱོད་པ་སྤྱད་པ་ན། །བསྐལ་པ་སྟོང་དུ་ཤིན་ཏུ་དཀའ་སྤྱད་དེ། །ང་ཡིས་ཏིང་འཛིན་ཞི་བ་འདི་བཙལ་ན། །དེ་དག་དེ་ཚེ་འདི་ཐོས་གད་མོས་འདེབས། །དེ་དག་ཡུན་རིང་བརྫུན་སྨྲ་ཚངས་མི་སྤྱོད། །རྟག་ཏུ་རྙེད་ལ་དགའ་ཞིང་ངན་སོང་གཞོལ། །ཚངས་པར་སྤྱོད་པའི་རྒྱལ་མཚན་ཐོགས་ནས་ནི། །ཚུལ་ཁྲིམས་འཆལ་པ་དེ་ནི་ཆོས་མིན་སྨྲ། །དེ་དག་ཕན་ཚུན་དབྱེ་བའི་ཕྱིར་འཇུག་སྟེ། །རིགས་པ་མ་ཡིན་པས་ནི་རྙེད་པ་ཚོལ། །གཅིག་ལ་གཅིག་ནི་མི་སྙན་རབ་བརྗོད་དེ། །ཤི་འཕོས་ནས་ནི་ངན་སོང་སར་ཡང་འགྲོ།