Degé Kangyur volume 51, F.7.a

སེམས་དཔའ་བརྟན་པ་མང་བྱུང་ནས། །​རྒྱལ་བའི་རིང་བསྲེལ་དག་ལ་རིམ་གྲོ་བྱེད། །​མཆོད་རྟེན་བྱེ་བ་སྟོང་ཕྲག་མི་ཉུང་བ། །​ཇི་ལྟར་གང་གཱའི་ཀླུང་གི་བྱེ་མ་བཞིན། །​གང་གིས་བྱེ་བའི་ཞིང་རྣམས་རྟག་བརྒྱན་པ། །​རྒྱལ་སྲས་དེ་དག་བྱེད་དུ་འཇུག་པ་མཐོང་། །རིན་ཆེན་སྣ་བདུན་མཆོག་གི་རྒྱལ་མཚན་གདུགས། །​དེ་ན་བྱེ་བ་སྟོང་རྣམས་བསྒྲེང་བ་ནི། །​འཕང་དུ་དཔག་ཚད་ལྔ་སྟོང་ཕྱིན་པ་སྟེ། །​ཁོར་ཡུག་ཏུ་ནི་དཔག་ཚད་ཉིས་སྟོང་ཡོད། །​རྣམ་རྒྱལ་བ་དན་བཅས་པ་ཁོར་མོར་མཛེས། །​དྲིལ་དང་དྲིལ་བུ་གཡེར་ཁ་རྟག་ཏུ་འཁྲོལ། །​མེ་ཏོག་དྲི་དང་དེ་བཞིན་སིལ་སྙན་གྱིས། །​ལྷ་མི་སྲིན་པོ་གནོད་སྦྱིན་རྣམས་ཀྱིས་མཆོད། །​ཡོངས་འདུས་ཤིང་གི་མེ་ཏོག་རྒྱས་པ་བཞིན། །​དེ་ལྟར་ཕྱོགས་བཅུ་དེ་དག་མཛེས་བྱས་ཏེ། །​རྒྱལ་བའི་རིང་བསྲེལ་དག་ལ་འདི་འདྲ་འདིར། །​བདེ་གཤེགས་སྲས་ཀྱིས་མཆོད་པ་བྱེད་དུ་བཙུད། །​རྒྱལ་བས་འོད་ཟེར་གཅིག་པུ་འདི་བཏང་བས། །​ལྷར་བཅས་འཇིག་རྟེན་འདི་དག་རབ་རྒྱས་པ། །​བདག་དང་སྲོག་ཆགས་བྱེ་བ་མང་པོ་འདིས། །​འདི་ན་འདུག་བཞིན་དེ་དག་ཐམས་ཅད་མཐོང་། །​གང་གིས་འོད་ཟེར་གཅིག་པུ་དེང་བཏང་བས། །​ཞིང་རྣམས་སྟོང་ཕྲག་མང་པོར་སྟོན་པ་དེ། །​ཀྱེ་མ་སྐྱེས་བུ་ཁྱུ་མཆོག་དེ་ཡི་མཐུ། །​ཀྱེ་མ་ཡེ་ཤེས་རྒྱ་ཆེ་ཟག་མེད་དོ། །​རྨད་དུ་བྱུང་བ་ཚད་མེད་འདི་འདྲ་བའི། །​ལྟས་རྣམས་མཐོང་ནས་བདག་ཅག་ངོ་མཚར་གྱུར། །​འདི་ཡི་དོན་རྣམས་འཇམ་དབྱངས་རབ་སྟོན་ཏེ། །​སངས་རྒྱས་སྲས་རྣམས་ཐེ་ཚོམ་གྱུར་པ་སྩོལ། །​འཁོར་བཞི་འདི་དག་རབ་ཏུ་དགའ་སེམས་ཀྱིས། །​དཔའ་བོ་ཁྱོད་དང་བདག་ལ་མངོན་པར་ལྟ། །​བདེ་བར་གཤེགས་པས་དེ་རིང་ཅི་ཡི་ཕྱིར། །​སྣང་བ་འདི་འདྲ་འདི་ནི་རབ་ཏུ་བཏང་། །​བདེ་གཤེགས་སྲས་པོ་ཁྱོད་ཀྱིས་ལུང་སྟོན་ལ། །​དགའ་བ་སྐྱེད་ཅིང་ཐེ་ཚོམ་རྣམ་པར་སོལ། །​འདི་ལྟར་འོད་ཟེར་རྒྱ་ཆེན་རབ་བཏང་བ། །དེ་དག་ཅི་འདྲའི་དོན་དུ་འགྱུར་བ་ཞིག །​བདེ་བར་གཤེགས་པ་སྐྱེས་བུ་དམ་པ་ཡིས། །​བྱང་ཆུབ་སྙིང་པོར་ཆོས་མཆོག་གང་བརྙེས་པ། །​དེ་དག་འཇིག་རྟེན་མགོན་པོ་འདིར་འཆད་དམ། །​བྱང་ཆུབ་སེམས་དཔའ་འདི་དག་ལུང་སྟོན་ཏམ། །​ཞིང་རྣམས་སྟོང་ཕྲག་དུ་མ་གང་བསྟན་པ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh113.html?part=UT22084-051-001-6014#UT22084-051-001-6014