Degé Kangyur volume 31, F.32.b

བྱ་བའམ། བདག་མེད་ཅེས་བྱ་བའམ། སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བའམ། མཚན་མ་ཡོད་ཅེས་བྱ་བའམ། མཚན་མ་མེད་ཅེས་བྱ་བའམ། སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བའམ། ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བའམ། དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བའམ། ཀུན་ནས་ཉོན་མོངས་ཞེས་བྱ་བའམ། རྣམ་པར་བྱང་ཞེས་བྱ་བའམ། སྐྱེ་ཞེས་བྱ་བའམ། འགག་ཅེས་བྱ་བའམ། དངོས་པོ་ཡོད་ཅེས་བྱ་བའམ། དངོས་པོ་མེད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དེ་བཞིན་དུ་འཕགས་པའི་བདེན་པ་རྣམས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། སྔར་ཇི་སྐད་བསྟན་པ་དེ་བཞིན་དུ་སྦྱར་བར་བྱའོ། །​དེ་བཞིན་དུ་མ་རིག་པ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དེ་བཞིན་དུ་སྦྱར་ཏེ། རྒ་ཤིའི་བར་དུ་སྔ་མ་ཇི་ལྟ་བར་ཐམས་ཅད་དུ་ཇི་ལྟར་ཕུང་པོ་དག་གི་སྐབས་སུ་བསྟན་པ་བཞིན་དུ་རྒྱ་ཆེར་སྦྱར་རོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་འཇུག་ཅིང་ཞུགས་ནས་ཀྱང་གཟུགས་ལ་མི་སྦྱོར་མི་འབྱེད་དོ། །​དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྦྱོར་མི་འབྱེད་དོ། །​གཟུགས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་སྔོན་གྱི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །​དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་སྔོན་གྱི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །​དེ་བཞིན་དུ་གཟུགས་དང་། ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། དེས་ཕྱི་མའི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །​དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཕྱི་མའི་མཐའ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །​གཟུགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4811#UT22084-031-002-4811