Degé Kangyur volume 31, F.29.a

དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དེ་བཞིན་དུ་སྦྱར་ཏེ། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དག་མ་མཆིས་ཤིང་མི་དམིགས་ལགས་ན། དེ་དག་དངོས་པོར་མཐོང་བའམ། དངོས་པོ་མ་མཆིས་པར་མཐོང་བའམ། དངོས་པོ་དང་དངོས་པོ་མ་མཆིས་པར་མཐོང་བས་རྣམ་པར་གྲོལ་བར་ལྟ་ག་ལ་འགྱུར་ལགས། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་ཉོན་མོངས་པ་ནི་མཚན་མ་ལགས་པའི་སླད་དུའོ། །​མཚན་མ་གང་ལགས་ཞེ་ན། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི་མཚན་མ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་ཉོན་མོངས་པ་གང་ལགས་པ་དེ་ནི་རྣམ་པར་མི་གྲོལ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཚིག་དེ་ནི་ལེགས་པར་སྨྲས་སོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་མངོན་པར་ཞེན་པ་མེད་པའི་ལེའུ་ཞེས་བྱ་སྟེ། གསུམ་པའོ།​། །​།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་མངོན་པར་མ་ཞེན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཀྱི་སྟོང་པ་ཉིད་ལ་བརྩོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །​དེ་བཞིན་དུ་ཚོར་བའི་སྟོང་པ་ཉིད་དང་། འདུ་ཤེས་ཀྱི་སྟོང་པ་ཉིད་དང་། འདུ་བྱེད་ཀྱི་སྟོང་པ་ཉིད་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་ལ་བརྩོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་གི་སྟོང་པ་ཉིད་ལ་བརྩོན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ།​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4804#UT22084-031-002-4804