དེ་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་ཞེས་བྱ་བ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཏེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་འདོད་པའི་ཁམས་ནི་འདོད་པའི་ཁམས་ཀྱིས་སྟོང་ངོ་། །དེ་བཞིན་དུ་གཟུགས་ཀྱི་ཁམས་ནི་གཟུགས་ཀྱི་ཁམས་ཀྱིས་སྟོང་ངོ་། །གཟུགས་མེད་པའི་ཁམས་ནི་གཟུགས་མེད་པའི་ཁམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ་དེ་ནི་འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་མ་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་མ་བྱས་ཞེས་བྱ་བ་ནི་ཆོས་གང་ལ་སྐྱེ་བ་མེད་པ་དང་གནས་པ་མེད་པ་དང་། འཇིག་པ་མེད་པ་དང་གཞན་དུ་འགྱུར་བ་མེད་པ་སྟེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་འདུས་མ་བྱས་ནི་འདུས་མ་བྱས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་རྣམ་པར་འཇིག་པ་མེད་པའི་ཕྱིར་ཆོས་གང་ལ་སྐྱེ་བ་ཤིན་ཏུ་མི་དམིགས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་ཆོས་གང་ལ་འོང་བ་མི་དམིགས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོར་བ་མེད་པ་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་གང་ལ་ཆོས་གང་ཡང་དོར་དུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ་དེ་ནི་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་བཞིན་གྱིས་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཉན་ཐོས་རྣམས་ཀྱིས་མ་བྱས་རང་སངས་རྒྱས་རྣམས་ཀྱིས་མ་བྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་བྱས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མ་མཛད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཅེས་བྱའོ།