Degé Kangyur volume 1, F.85.a

མེ་ཏོག་དང་། འབྲས་བུ་དག་འབུལ་ན། དགེ་སློང་དག་ཀྱང་འདི་གཉིས་ལ་ལྷུང་བཟེད་ཀྱི་ལྷག་མ་སྦྱིན་པར་འགྱུར་རོ། །​དེས་དེ་གཉིས་བསྡུས་ནས་དགེ་སློང་དག་ལ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དག་འབུལ་དུ་གཞུག་པར་བརྩམས་པ་དང་། དགེ་སློང་དག་ཀྱང་དེ་གཉིས་ལ་ལྷུང་བཟེད་ཀྱི་ལྷག་མ་སྦྱིན་པར་བྱེད་དོ། །​དེ་དག་གིས་དེ་གཉིས་ལ་ཞག་ཉུང་ཤས་ཤིག་བྱིན་ནས་ཡང་མི་སྦྱིན་པར་བརྩམས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ལྟོ་འགྲངས་ཙམ་གྱི་བསོད་སྙོམས་བླངས་ནས་ཕྱིར་འབྱུང་བར་བྱེད་ཅིང་དེ་ཕྱེད་ནི་བདག་ཉིད་ཟ་བར་བྱེད། ཕྱེད་ནི་དེ་གཉིས་ལ་སྦྱིན་པར་བྱེད་པ་ན་སྐྱ་བོ་བསེང་བསེང་པོ་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་ཏོ། །​སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་པ། མཁྱེན་ཀྱང་མི་རྨེད་པ། དུས་སུ་རྨེད་པ། དུས་ལས་ཡོལ་བར་མི་རྨེད་པ། དོན་དང་ལྡན་པ་རྨེད་པ། དོན་དང་མི་ལྡན་པ་མི་རྨེད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་མི་ལྡན་པ་རྨེད་པ་ལ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །​དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ། དགེ་སློང་དག་ཅིའི་ཕྱིར་དགེ་སློང་ཀུན་དགའ་བོ་སྐྱ་བོ་བསེང་བསེང་པོ་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཚེ་དང་ལྡན་པ་ཀུན་དགའ་བོའི་སྲིང་མོའི་བུ་གཉིས་ཤིག་ཕ་མས་བོར་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཡར་བལྟམ་གྱི་བསོད་སྙོམས་བླངས་ནས་སླར་འབྱུང་ཞིང་དེ་ཕྱེད་ནི་བདག་ཉིད་འཚལ་བར་བགྱིད། ཕྱེད་ནི་དེ་གཉིས་ལ་སྩོལ་བས་དེས་ན་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྐྱ་བོ་བསེང་བསེང་པོ་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་ཏོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱེའུ་དེ་གཉིས་རབ་ཏུ་མི་འབྱིན་ཏམ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29208#UT22084-001-001-29208